《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月08日

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ནུས་པ་དེ་བས་ལེགས་པར་འདོན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་པ་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཐོག་སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་ཇེ་ཟབ་ཏུ་གཏོང་བ་དང་དེ་བཞིན་མ་རྩ་དོ་དམ་གཙོ་བོར་བྱས་པའི་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་ལྟར། གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་ཆེན་དཔལ་འབྱོར་འཁོར་སྐྱོད་དང་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པའི་གྲུབ་ཆར་སྙོམས་སྒྲིག་ཚོད་འཛིན་གྱི་ནུས་པ་ཏན་ཏིག་འདོན་དགོས་པ་བསྟན་ཡོད།

《བསམ་འཆར》ནང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཕྱོགས་ཡོངས་ལ་ཁེབས་པར་སྐུལ་འདེད། ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར། དམངས་ཡོངས་ལ་མཉམ་སྤྱོད་ཐུབ་པ། བཀོད་པའི་གྲུབ་ཆ་ལེགས་སྒྲིག སྔོན་རྩིས་བྱས་འབྲས་མཐོར་གཏོང་བཅས་ཡོང་བར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས། ཕྱོགས་ཡོངས་ཆ་ཚང་བ་དང་། གྲུབ་ཆ་ལེགས་སྒྲིག འཁོར་སྐྱོད་བདེ་བླག འགན་སྲུང་ནུས་ལྡན་བཅས་ཐུབ་པའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་སྤྱིར་ན་ཆགས་ཐུབ་པར་བྱེད་དགོས་པ་བསྟན་ཡོད། 《བསམ་འཆར》གྱིས་ལས་འགན་དམིགས་ཚད་ལ་དམིགས་ཏེ་ཕྱོགས་གསུམ་ཐད་ནས་གཙོ་གནད་ཀྱི་སྒྱུར་བཅོས་ཀྱི་བྱ་ཐབས་ཁ་གསལ་བཏོན་པ་སྟེ། གཅིག་ནས་གཞུང་ཁོངས་མ་རྩའི་ཁེ་ཕན་གོང་འབུལ་ཞུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཁྱབ་ཁོངས་ཆེ་རུ་དང་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་དང་གཞུང་ཁོངས་མ་རྩ་ཁེར་འཇོག་ཀུང་སིས་ཁེ་སྤོགས་གོང་འབུལ་ཞུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ཁོངས་མ་རྐང་ཚོད་འཛིན་དང་མ་རྐང་ནང་ཞུགས་མཁན་ཁེ་ལས་ཀྱི་གཞུང་ཁོངས་མ་རྐང་ཁེ་སྤོགས་གོང་འབུལ་ཞུ་བའི་ལམ་སྲོལ་ལེགས་སུ་གཏོང་དགོས་པ་དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་འབབ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་སྤོགས་ཀྱི་གྲངས་གཞི་བདེན་པ་བདེན་ཐུབ་དང་བློས་འགེལ་ཆོག་པ་འགན་ལེན་བྱས་ནས་དུས་ཐོག་ཏུ་དངུལ་གྲངས་ཆད་ལུས་མེད་པར་རེ་ཞུ་དང་ཁེ་སྤོགས་གོང་འབུལ་ཞུ་དགོས་པ་དང་། གཉིས་ནས་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་གཏོང་སྒོའི་ཕན་ནུས་ཆེ་རུ་གཏོང་དགོས་ཤིང་། གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱས་ནས་འགག་རྩའི་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དམིགས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་གྱི་ནོར་སྲིད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཏོང་སྒོ་དོ་དམ་ལ་ཤུགས་སྣོན་དང་། སྲིད་ཇུས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། ལྕི་ཡང་དང་དལ་ལྷོད་དབྱེ་འབྱེད་བཅས་བྱས་ཏེ། མ་རྩ་བཀོད་སྒྲིག་དང་བེད་སྤྱོད་ཚན་རིག་དང་མཐུན་པ་དང་། ཕན་ནུས་ལྡན་པ། གནད་ལ་འཁེལ་བ་བཅས་ཡོང་བ་བྱེད་དགོས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

སྔོན་རྩིས་བྱས་འབྲས་དོ་དམ་ལ་སྐུལ་འདེད་བཏང་ནས་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཧྲིལ་པོའི་བྱས་འབྲས་ལ་གདེང་འཇོག་བྱེད་སྟངས་འཚོལ་ཞིབ་བྱས་ནས་ལས་དོན་སྒྲུབ་དགོས་པ་དང་། གསུམ་ནས་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་དོ་དམ་གྱི་ལས་དོན་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གཞུང་ཁོངས་ཁེ་ལས་ཀྱི་མིང་གཞུང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མ་རྩ་འདོན་མཁན་ཚན་པས་དུས་གཏན་ནང་མ་རྩ་གཏོང་མཁན་ཁེ་ལས་ཀྱི་གྲངས་འབོར་དང་། རྒྱུ་ནོར་གྱི་ཁེ་སྤོགས། ཁེ་གྱོང་སོགས་ཀྱི་གནས་ཚུལ་བསྡོམས་རྩིས་བརྒྱབ་ནས་མ་རྩ་་གཏོང་མཁན་གཞུང་ཁོངས་ཁེ་ལས་ཀྱི་མིང་གཞུང་འཛུགས་དགོས་པ་དང་། སྔོན་རྩིས་འཆར་ཟིན་རྩོམ་འབྲི་དང་སྙན་ཞུ་འཐུས་སྒོ་ཚང་དུ་བཏང་ཁར་གཏོང་ཡོང་དོ་སྙོམས་དགོས་པའི་རྩ་དོན་ལྟར་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་འཆར་ཟིན་རྩོམ་འབྲིའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་རྩིས་བཤེར་གྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་བསྟན་ཡོད།

《བསམ་འཆར》ནང་། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན། ཚན་པ་ཁག་བཅས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱིས་ཁྲིམས་བཞིན་རང་རྟོགས་གཉེར་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་གཞུང་ཁོངས་མ་རྩའི་ཁེ་སྤོགས་ལེན་པ་དང་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ནོར་སྲིད་སྡེ་ཚན་གྱིས་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་དོ་དམ་དང་མཛུབ་ཁྲིད་འགན་འཁྲི་ལག་ལེན་ནན་ཏན་བསྟར་བའི་ཐོག་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་དང་ངེས་རྩིས་ཀྱི་འཆར་ཟིན་རྩོམ་འབྲི་དང་། གཞུང་ཁོངས་མ་རྩའི་ཁེ་སྤོགས་ལེན་པ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་ཡག་པོ་སྒྲུབ་དགོས། མ་རྩ་གཏོང་མཁན་ཚན་པས་མ་རྩ་གཏོང་མཁན་ཁེ་ལས་ཀྱིས་གོང་འབུལ་ཞུས་པའི་གཞུང་ཁོངས་ཀྱི་མ་རྩའི་ཁེ་སྤོགས་ལ་ལྟ་སྐུལ་བྱས་ཏེ། མ་རྩ་བེད་སྤྱོད་དང་ངེས་རྩིས་ལ་ཞིབ་དཔྱད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།