ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཁྱབ་བཀྲམ་ནས་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པ་9དང་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར་20ལ་གཟེངས་བསྟོད་བྱས་པ་རེད།
བརྡ་ཁྱབ་ནང་བཏོན་དོན། ཉེ་བའི་ལོ་ཤས་རིང་། དམག་ཡོངས་ཀྱི་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་དམག་ཨུད་དམག་དོན་སྦྱོང་བརྡར་གྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་པ་མ་ཟད། ཚན་རྩལ་གྱི་འགྱུར་ལྡོག་དང་། དམག་འཁྲུག་གི་འགྱུར་ལྡོག འགྲན་ཟླའི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་པ་དང་དམག་གྲབས་དང་དམག་རྒྱག་དམིགས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་དང་། དམག་སྦྱོང་ཞིབ་ཚགས། ཁ་གཏད་ཀྱི་ཉམས་མྱོང་། རྨང་གཞི་བརྟན་གཏོང་བཅས་འབུར་དུ་ཐོན་པ་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དམག་དོན་སྦྱོང་བརྡར་ཕྱོགས་ཡོངས་ནས་སྒྱུར་བཅོས་དང་སྤྱི་ཡོངས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་སྦྱོང་བརྡར་གྱི་གྲུབ་འབྲས་མངོན་གསལ་དོད་པ་དང་དཔེ་སྟོན་ནུས་པ་མངོན་གསལ་དོད་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད།
བརྡ་ཁྱབ་ནང་འབོད་སྐུལ་བྱས་དོན། དམག་ཡོངས་ཀྱི་དཔུང་སྡེས་གཟེངས་བསྟོད་བྱས་པའི་ཚན་པ་དང་མི་སྒེར་མིག་དཔེར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གིས་དམག་དོན་སྦྱོང་བརྡར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དམག་མི་བྱས་ནས་དམག་རྒྱག་པ་དང་། དམག་མིའི་སྣེ་ཁྲིད་ནས་དམག་རྒྱག་པ། དམག་སྦྱོང་བྱས་ནས་དམག་རྒྱག་པའི་བསམ་བློར་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ་དང་ལྟེ་བའི་ལས་དོན་ལ་བརྩི་བ། དངོས་འཐབ་དངོས་སྦྱོང་དང་། མཉམ་འཐབ་མཉམ་སྦྱོང་། ཚན་རྩལ་དྲག་སྦྱོང་། ཁྲིམས་བཞིན་བཅོས་སྦྱོང་བཅས་མཐའ་འཁྱོངས་བྱེད་པ། གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བཀོད་འདོམས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་འཛིང་གི་འཇོན་ཐང་ཡག་པོ་སྦྱོང་བ། འཐབ་འཛིང་གི་སྤྱོད་ཚུལ་ལེགས་སུ་གཏོང་བ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལག་བསྟར་མཐའ་གཅིག་ཏུ་ལེགས་སྒྲུབ་བཅས་བྱས་ཏེ་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།