《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

མཚོ་སྔོན་དུ་ཡོད་པའི་ས་བབ་མཐོ་ཤོས་ཀྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ།

འདི་ནི་ཉེ་ཆར་པར་བླངས་པའི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི(འཇུ་ལག་དུམ་བུ)ཟུར་ཞིག་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་ནི་འཛམ་གླིང་ཡང་རྩེའི་བྱང་ཤར་མཐའ་མཚམས་ཀྱི་རི་ཚོགས་རྒྱུད་དུ་གནས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ལྕགས་རི་རིང་པོ་ཞིག་རེད། 2008ལོར་མཚོ་སྔོན་ཞིང་ཆེན་གྱིས་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཐོན་ཁུངས་བརྟག་དཔྱད་བྱེད་འགོ་བཙུགས་པ་དང་དུས་དེ་ནས་འཛམ་གླིང་ཡང་རྩེའི་སྟེང་གི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ངོ་མཚར་ཆེ་བའི་རྣམ་པ་ཤེས་རྟོགས་བྱེད་འགོ་ཚུགས། བརྟག་དཔྱད་བྱས་འབྲས་ལས་མངོན་གསལ། མཚོ་སྔོན་ཞིང་ཆེན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་རིང་ཚད་ཡོངས་ལ་སྟོང་སྨི་363ཙམ་ཡོད་པ་དང་། ཤར་ནས་ཀན་སུའུ་ཞིང་ཆེན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་དང་འབྲེལ་ནས་ལམ་ཐིག་ཧྲིལ་པོ་ལ་བརྒལ་ཀླུང་བརྒྱབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རྫོང(ཆུས)12ལ་ཁྱབ་ཡོད།

འབར་འབུར་གྱི་རི་རྒྱུད་ནས་བལྟས་ཚེ། གནའ་བོའི“མཐའ་སྲུང་གྱང”ཞིག་རི་སྐེད་དུ་ཀྱག་ཀྱོག་ངང་ཆགས་ཡོད། རིགས་གཅིག་མཁས་ཅན་གྱིས་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི(ཏ་ཐུང་དུམ་བུ)ས་བབ་མཐོ་ཤོས་ལ་སྨི་4200ཙམ་ཟིན་ནས་མཚོ་སྔོན་ཞིང་ཆེན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཁྲོད་ཀྱི་ས་བབ་མཐོ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་དུམ་བུ་ཞིག་རེད་ཅེས་ངོ་སྤྲོད་བྱས།

མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ(ཏ་ཐུང་དུམ་བུ)ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་གནས་པ་དང་། མིང་རྒྱལ་རབས་ཀྱི་ལུང་ཆིང་ཁྲི་ལོ་དྲུག་པ་ནས་སྐྲུན་འགོ་བཙུགས། 《མཚོ་སྔོན་ཞིང་ཆེན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཐོན་ཁུངས་བརྟག་དཔྱད་སྙན་ཞུ》ལྟར་ན་ཏ་ཐུང་རྫོང་ས་ཁོངས་ཀྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་ནི་ཤར་ནས་ནུབ་བར་ས་མཚམས་ཡོངས་སུ་ཁྱབ་པ་དང་གྱང་རིས་གསལ་ཞིང་། བརྗིད་ཉམས་ལྡན་པ་ཞིག་ཡོད་པ་རེད། 2020ལོའི་ཟླ་11ཚེས་26ཉིན་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་སྟེ། མཚོ་སྔོན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཏ་ཐུང་རྫོང་གི་དུམ་བུ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁག་དང་པོའི་རྒྱལ་ཁབ་རིམ་པའི་ལྕགས་རི་རིང་པོའི་དུམ་བུ་གལ་ཆེན་གྱི་མིང་ཐོར་བཅུག་པ་རེད།

ཏ་ཐུང་རྫོང་རྟེན་མཛོད་ཁང་གི་ཀོན་ཀྲང་ཀྲང་ཙེང་ལུའུ་ཡིས་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ(ཏ་ཐུང་དུམ་བུ)ནི་གྱང་ངོས་ཀྱིས་གྲུབ་ཆ་གཙོ་བོར་བྱས་པ་དང་། འཛུགས་སྐྲུན་གྱི་རྣམ་པ་ནི་ཡུལ་བབ་དང་བསྟུན་ནས་སྟབས་བསྟུན་གྱིས་གྱང་དང་། རྡོ་རྩིག རི་ལྡེབས་སོགས་རིགས་མི་འདྲ་བའི་གྱང་ངོས་སྤྱད་ནས་འོབས་དོང་དང་འབྲེལ་ཏེ་ལྕགས་རི་རིང་པོའི་འགོག་སྲུང་མ་ལག་ཐུན་མོང་ཐོག་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ས་བབ་མཐོ་ཤོས་ཀྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་ཤུལ་བཞག་ཅིག་གི་ངོས་ནས་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོས(ཏ་ཐུང་དུམ་བུ)ས་གནས་དེ་གའི་ལོ་རྒྱུས་ཀྱི་དར་རྒུད་དང་འཕོ་འགྱུར་གྱི་དཔང་པོ་ཐུབ་པ་དང་། ས་རྡོ་ལས་གྲུབ་པའི་ལྕགས་རི་དེ་ཆར་རླུང་གིས་ཟད་པ་དང་ཐ་ན་བརྡིབས་ཤིང་། སྦྲང་ཚང་བསགས་པ་དང་། རྩྭ་ངན་སྐྱེས་པ། ཆུ་ཤུར་ཆགས་པ་སོགས་རང་བྱུང་གི་གནོད་འཚེ་དང་མིའི་རིགས་ཀྱི་གཏོར་སྐྱོན་སྣ་ཚོགས་ཕོག་ནས་ལྕགས་རི་རིང་པོའི་ཉར་ཚགས་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།

གསར་འགོད་པས་ཏ་ཐུང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2012ལོ་ནས་2016ལོ་བར་ས་གནས་དེ་གའི་སྲིད་གཞུང་གིས་ཏ་ཐུང་གི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི(དུས་ཐེངས་དང་པོ)སྤྱི་ལེ་4.7ཙམ་ལ་ཉེན་སེལ་བརྟན་གཏོང་ལས་གྲྭ་ལག་བསྟར་བྱས་པ་རེད། 2016ལོ་ནས་2022ལོ་བར་ཏ་ཐུང་རྫོང་གིས་ལོ་ལྟར་ལྕགས་རི་རིང་པོ་སྲུང་སྐྱོབ་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་རིམ་རྩིས་བྱས་ན་མི་210ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

གསོ་སྦྱོང་འཛིན་གྲྭར་ལྕགས་རི་རིང་པོའི་སྲུང་སྐྱོང་བ་ཝང་ཀྲེང་ལིན་གྱིས“མཐའ་སྲུང་གྱང”གི་དོན་སྙིང་གལ་ཆེན་དང་རིན་ཐང་ཐོག་མར་ཤེས་རྟོགས་བྱུང་བ་རེད། “མི་ཚེ་ཕྱེད་ཀ་ལྷག་ཙམ་ཞིང་ཁ་བཏབ་པ་ཡིན། ད་ཆ་ཐོབ་ཐང་གཅིག་མང་དུ་ཕྱིན་སོང་ལ་འགན་འཁྲི་གཅིག་ཀྱང་མང་དུ་སོང” ཝང་ཀྲེང་ལིན་གྱིས“མཐའ་སྲུང་གྱང”འགྲམ་གྱི་ལམ་ཆུང་བརྒྱུད་པར་ལེན་ཞོར་ཟིན་ཐོ་བཀོད་དེ་ལྕགས་རི་རིང་པོའི་གྱང་ཉིལ་ཡོད་མེད་དང་གཏོར་སྐྱོན་ཕོག་ཡོད་མེད་ལ་ལྟ་ཞིབ་བྱས་པ་རེད། ཀྱག་ཀྱོག་གི་རི་ལམ་དེར་ཁོང་གིས་ཉིན་གཉིས་རེར་སྐོར་ཞིབ་ཐེངས་རེ་བྱེད་པ་དང་རྐང་ཐང་མར་ཆུ་ཚོད་གསུམ་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད།

2022ལོའི་ཟླ་4པར《ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་དང་སྲུང་སྐྱོབ་འཆར་འགོད》བཀྲམ་ཞིང་། འཆར་འགོད་ལྟར། ས་གནས་ཁག་གིས་ལྕགས་རི་རིང་པོར་ཉེན་སེལ་དང་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་བརྟན་གཏོང་བྱས་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་ཧུར་ཐག་བཏོད་དེ། ལྕགས་རི་རིང་པོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་བྱས་ནས་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྤེལ་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་བ་རེད།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ནི་མདོ་ལ་རིང་མོ་དང་ཏ་པན་རི་བོའི་བར་དུ་གནས་པ་དང་། མཚོ་སྔོན་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་འགག་སྒོ་ཆེན་པོ་བཞིའི་གྲས་ཤིག་ཡིན་པའི་སྟག་རོང་མཁར་རྫོང་ནི་འཇུ་ལག་རྫོང་ཁོངས་བྱང་རི་ཤང་སྟག་རོང་རི་ལྡེབས་སུ་གནས་ཡོད།

གནའ་གྲོང་གི་གཤམ་དུ་ཡུལ་སྐོར་བ་རྒྱུན་ཆད་མེད་ཅིང་། འཇུ་ལག་གནའ་གྲོང་གི་སྨི་1800ཟིན་པའི་པང་གཅལ་འགྲོ་ལམ་བརྒྱུད་ཡུལ་སྐོར་བ་ཚོས་གནའ་བོའི་བརྗིད་ཉམས་ལྡན་པའི་བཟོ་སྐྲུན་ལ་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད།

“2022ལོར་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(འཇུ་ལག་དུམ་བུ)སྲུང་སྐྱོབ་འགྲེམས་སྟོན་ལྟེ་གནས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་གནའ་བོའི་ལྕགས་རིར་སྲུང་སྐྱོབ་བྱས་པ་མ་ཟད། ད་དུང་རིག་གནས་གྱང་ཡང་བསྐྲུན་ཡོད” འཇུ་ལག་རྫོང་རིག་གནས་ཁང་གི་ཀོན་ཀྲང་ཀྲང་ཡུས་ཆོན་གྱིས“ང་ཚོས་གནའ་གྲོང་གི་ལོ་རྒྱུས་ཤོད་རྒྱུན་དང་ལྕགས་རི་རིང་པོའི་གཏམ་རྒྱུད་རིག་གནས་གྱང་ངོས་སུ་མངོན་པར་བྱས་ནས་ཡུལ་སྐོར་བ་དེ་བས་མང་བས་མཚོ་སྔོན་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་དང་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་པར་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)