《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་འཕྲལ་སྡོམ་ཐེབས་རྩར་མུ་མཐུད་མ་དངུལ་ཞལ་འདེབས་རྒྱག་པའི་ཁས་བླངས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིན་གྱིས་ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་འཕྲལ་སྡོམ་ཐེབས་རྩའི་རིམ་པ་མཐོ་བའི་ཞལ་འདེབས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་ཐེབས་རྩ་དེར་མུ་མཐུད་མ་དངུལ་ཞལ་འདེབས་རྒྱག་པའི་ཁས་བླངས་ཡོད།

ཏའེ་པིན་གྱིས། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་སུ་གདོང་ཐུག་དང་། གནོད་འཚེ། རིམས་ནད་སོགས་ཀྱི་འགྲན་སློང་མང་པོ་འཕྲད་དེ། གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཧ་ཅང་ཆེ་རུ་ཕྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་འཕྲལ་སྡོམ་ཐེབས་རྩས་མགྱོགས་མྱུར་དང་སྟབས་བསྟུན་གྱི་མ་དངུལ་གཏོང་བའི་ལེགས་ཆ་འདོན་སྤེལ་བྱེད་ཀྱི་ཡོད། རྟག་ཏུ་དེ་ནི་རོགས་སྐྱོབ་ཀྱི་འབྱུང་ཁུངས་གལ་ཆེན་ཐོག་མར་གྱུར་ཏེ་དཀའ་ངལ་གྱི་གནས་སུ་གྱར་བའི་མི་རྣམས་ལ་དུས་ཐོག་དང་ནུས་ལྡན་གྱི་ཛ་དྲག་རོགས་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།

ཏའེ་པིན་གྱིས། ཀྲུང་གོས་སྔར་ནས་བཟུང་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་ལས་དོན་ལ་མཐོང་ཆེན་པོ་དང་དེའི་ནང་ཧུར་ཐག་ཞུགས་ཏེ། རྒྱལ་སྤྱིའི་མི་ཆོས་རོགས་སྐྱོབ་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རང་བྱུང་གནོད་འཚེ་སོགས་ཀྱི་འགྲན་སློང་ཆེན་པོར་མཉམ་དུ་ཁ་གཏད་གཅོག་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་གནས་འཕྲལ་སྡོམ་ཐེབས་རྩས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་པ་མ་ཟད། ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་སུ་ཐེབས་རྩར་མ་དངུལ་ཞལ་འདེབས་རྒྱག་གི་ཡོད། ཀྲུང་གོས་2007ལོ་ནས་བཟུང་ལོ་ལྟར་ཐེབས་རྩ་དེར་རང་མོས་ངང་མ་དངུལ་ཞལ་འདེབས་བརྒྱབ་ཡོད། འདི་ལོའི་ཞལ་འདེབས་ཀྱི་དངུལ་སྤྲད་ཟིན་པ་དང་། འབྱུང་འགྱུར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཐེབས་རྩ་དེར་མ་དངུལ་ཞལ་འདེབས་རྒྱག་གི་ཡིན་་ཞེས་བརྗོད་པ་རེད།

(རིག་རྡོར་གྱིས་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)