《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

“རྒྱུད་གཅིག་ལམ་གཅིག”གི་ལོ་སི་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ཝན་ཐེན་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན“རྒྱུད་གཅིག་ལམ་གཅིག”གི་ལོ་ཀྲུང་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་གཙོ་བོའི་ཞལ་འཛོམས་གལ་ཆེན་གྱི་གྲུབ་འབྲས་དོན་འཁྱོལ་དང་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད།

འདི་ལོའི་ཟླ་10པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་རྣམ་གཉིས་པེ་ཅིང་དུ་ཞལ་འཛོམས་གནང་བ་མ་ཟད། 《ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་དང་ལོ་སིའི་མི་དམངས་གསར་བརྗེ་ཏང་གི་བྱ་སྤྱོད་འཆར་གཞི(2024ལོ་ནས་2028ལོའི་བར)》ལ་མཉམ་དུ་མིང་རྟགས་བཀོད་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ནང་དོན་གསར་པ་བསྣན་ཡོད།

ཐུང་ལུན་གྱིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་2023ལོ་ནི་ལོ་ཀྲུང་ཕྱོགས་གཉིས་པོའི་མཉམ་ལས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ལོ་ལྔའི་བྱ་སྤྱོད་འཆར་གཞི་གསར་པ་ནི་རྒྱལ་ཁབ་གཉིས་པོས་དུས་སྐབས་གསར་པར་མཉམ་ལས་དམ་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡིག་ཆ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་གླེང་སྟེགས་དེ་ལོ་ལྔའི་བྱ་སྤྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་སྟེགས་དང་ལམ་སྲོལ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད། ལོ་སིའི་ཏང་དང་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ལོ་སིའི“སྐམ་སའི་འབྲེལ་མེད་རྒྱལ་ཁབ་ནས་སྐམ་སའི་འབྲེལ་ཡོད་རྒྱལ་ཁབ”ཏུ་བསྒྱུར་རྒྱུའི་འཐབ་ཇུས་སྦྲེལ་མཐུད་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡིན། ལོ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཐད་ལོ་ཀྲུང་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་། སྤྱི་ཚོགས་ཀྱི་རིག་གནས་རྣམ་གྲངས། ལོ་ཀྲུང་དཔལ་འབྱོར་བར་ཁྱམས་སོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གྲུབ་འབྲས་ཀྱིས་ལོ་སི་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།

ལོ་སིའི་ཙུང་ལི་གཞོན་པ་ཅི་ཆའོ་གླེང་སྟེགས་ལ་ཞུགས་ནས་ཤིས་ཚིག་སྒྲོན་སྐབས་གླེང་སྟེགས་དེས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཡུལ་སྐོར་སོགས་ཁྱབ་ཁོངས་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་གོ་སྐབས་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། དེའི་བརྗོད་དོན་གཙོ་བོ་ལོ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་དམིགས་པས། ཕྱོགས་གཉིས་པོའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོ་ཀྲུང་དབར“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བྱས་ནས་ལོ་བཅུའི་ནང་ཐོབ་པའི་གྲུབ་འབྲས་གལ་ཆེན་སྟོན་པར་ཕན་པ་ཡོད། རྒྱལ་ཁབ་གཉིས་པོའི་ཟབ་ལ་ཕན་ནུས་ཆེ་བའི་མཉམ་ལས་ཀྱིས་ལོ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྔར་ལས་སྐུལ་འདེད་བརྟན་པོ་བཏང་སྟེ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། མཛའ་གྲོགས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།

གླེང་སྟེགས་རིང་ཤིན་ཧྭ་གསར་འགྱུར་ཁང་གི་ཀྲུང་གོ་དཔལ་འབྱོར་ཆ་འཕྲིན་ཁང་གིས《ཀྲུང་ལོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་དུས་རབས་གསར་པའི་གོ་སྐབས་གསར་པ》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། གླེང་སྟེགས་ནང་ཞུགས་མཁན་ཀྲུང་ལོའི་ཁེ་ལས་ཀྱིས་སྒྲིག་གཞི་དང་དངུལ་རྩ་དང་། སྨྱན་སྦྱོར། འཕྲིན་གཏོང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་གྲོས་མཐུན་བཞག་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང“ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་གྲུབ་འབྲས”ཀྱི་པར་རིས་འགྲེམས་སྟོན་ལ་མཉམ་དུ་ལྟ་སྐོར་བྱས་པ་རེད།

(བསོད་བདེ་གཞོན་པས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)