《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

དྲ་འཕྲིན་སྡེ་ཚན་གྱིས་ཐོལ་བྱུང་དོན་རྐྱེན་དང་། སྤྱི་པའི་སྲིད་ཇུས། སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་དྲ་རྒྱའི་དཀྲོག་གཏམ་དང་འབྲེལ་བའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཡོངས་བསྒྲགས་དམར་འདོན་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་དྲ་རྒྱའི་ཨང་རྟགས་འགའ་ཞིག་གིས་ཐོལ་བྱུང་དོན་རྐྱེན་རྫུན་བཟོ་དང་། སྤྱི་པའི་སྲིད་ཇུས་རྫུན་བཟོ། སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་ལ་བརྟེན་ནས་དཀྲོག་གཏམ་བཟོ་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་དོད་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་དང་ཤུགས་རྐྱེན་ངན་པ་བཟོས་ཡོད། དྲ་འཕྲིན་སྡེ་ཚན་གྱིས་དྲ་ཚིགས་ཀྱི་ལས་སྟེགས་ལ་མཛུབ་ཁྲིད་བྱས་ནས་ལྟ་ཞིབ་ཚད་ལེན་དང་། བདེན་དཔང་ར་སྤྲོད། ཐག་གཅོད་དང་ཡོངས་བསྒྲགས་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། དཀྲོག་གཏམ་བཟོ་མཁན་ཨང་རྟགས་ཁུངས་འདེད་དང་མེད་པར་བཟོས་ཤིང་རིམ་རྩིས་བརྒྱབ་ན་ཁྲིམས་འགལ་སྒྲིག་འགལ་གྱི་ཨང་རྟགས་1660ཐག་གཅོད་བྱས་པ་རེད།

ཚེས་6ཉིན་དྲ་འཕྲིན་སྡེ་ཚན་གྱིས་དཔེ་མཚོན་གྱོད་དཔེ་ཁག་གཅིག་བརྡ་ཁྱབ་བཏང་བའི་ནང“ལྷོ་ནུབ་སློབ་ཆེན་གྱི་སྨན་རྫས་རིག་པ་སློབ་གླིང་དུ་འབར་གས་བྱུང་བའི”དཀྲོག་གཏམ་དང་། “ལན་ཀྲོའུ་ཡི་སློབ་གྲྭ་ཞིག་གི་སློབ་མ་གར་སོང་ཆ་མེད་དུ་གྱུར་བའི”དཀྲོག་གཏམ། “2024ལོར་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་མི་སྒེར་གྱི་རྩིས་ཁྲའི་ཁོངས་སུ་མི་འཇུག་པའི”དཀྲོག་གཏམ། “ས་ཆ་མང་པོར‘ལས་ཡུན་ལྟར་རྒན་ཡོལ’སྲིད་ཇུས་ལག་ལེན་བསྟར་བའི”དཀྲོག་གཏམ། “ཧང་ཀྲོའུ་ཡིས་ཐད་གཏོང་ཟོག་ཚོང་གཏན་འགོག་གི་ཁྱབ་བསྒྲགས་བྱས་པའི”དཀྲོག་གཏམ། “ཀྲུང་གོའི་འབྲུ་རིགས་གསོག་འཇོག་དོ་དམ་ཚད་ཡོད་ཀུང་སིས་ཕྱི་ཕྱོགས་ནས་མ་རྨོས་ལོ་ཏོག་ཉོ་མཚམས་བཞག་པའི་གཏན་འཁེལ་བྱས་པའི”དཀྲོག་གཏམ། “ཀྲུང་གོ་དང་རི་པིན་མཛའ་གྲོགས་སྨན་ཁང་ནི་རི་པིན་བས་བསྐྲུན་པའི་སྨན་ཁང་ཡིན་པའི”དཀྲོག་གཏམ། “ཧྲང་ཧའེ་ཡི་མངག་སྐྱེལ་བས་སློང་རྟེན་སྒོར་ཁྲི་28ཀྱི་ཆེད་དུ་ལས་དུས་འཕར་མ་བྱས་ནས་ཤི་བའི”དཀྲོག་གཏམ་སོགས་ཚུད་ཡོད་པ་རེད།

ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། དྲ་རྒྱའི་དཀྲོག་གཏམ་ལ་ལྟ་ཞིབ་ཚད་ལེན་དང་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས། དཀྲོག་གཏམ་བཟོ་བ་དང་བརྒྱུད་སྤེལ་བྱེད་པའི་དཔེ་མཚོན་གྱོད་དཔེར་ཞིབ་བཤེར་ཐག་གཅོད་ནན་པོ་དང་དམར་འདོན་བྱས་ཏེ་ཉེན་བརྡ་དང་ཟིལ་གནོན་གྱི་ནུས་པ་བཏོན་ཡོད། དེ་དང་ཆབས་ཅིག་རྒྱ་ཆེའི་དྲ་དམངས་ཚོར་དྲན་སྐུལ་བྱེད་དགོས་པ་ཞིག་ལ་སྣ་མང་ཕུན་སུམ་ཚོགས་པའི་དྲ་ཐོག་ཆ་འཕྲིན་གྱི་མདུན་དུ་ངེས་པར་དུ་ཉེན་ཟོན་བྱེད་པ་དང་། དབྱེ་འབྱེད་ནུས་པ་ཆེ་རུ་དང་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ། ལྟ་སྐུལ་ཐེར་འདོན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་མཉམ་དུ་དྭངས་ཤིང་གཙང་བའི་དྲ་རྒྱའི་བར་མཐོངས་གཏོད་དགོས་ཞེས་བཤད་པ་རེད།

(ལྷག་ཚེ་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)