《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

ཧོ་ནན་གྱིས་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་འཕར་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་བ།

གླ་པར་འགྲོ་མཁན་དབུལ་སྒྲོལ་མི་འབོར་གྱི་གཞི་ཁྱོན་ལོ་རེར་ཁྲི་210ལས་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ཀྲེང་ཀྲོའུ་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང《ཧོ་ནན་ཞིང་ཆེན་གྱི་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་འཕར་བའི་བྱ་སྤྱོད་ཀྱི་ཇུས་གཞི(2023ལོ་ནས་2025ལོ་བར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། “མི་ཚང་མར་ལག་ཁྱེར་དབང་བ། རྩལ་ནུས་ལྡན་པའི་ཧོ་ནན་བ”འཛུགས་སྐྱོང་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་། ལོ་ལྟར་དབུལ་སྒྲོལ་མི་འབོར་ཁྲོད་ལག་ཁྱེར་དབང་མཁན་ཁྲི་10ཡན་འཕར་ནས་ཞིང་ཆེན་ཡོངས་ཀྱི་གླ་པར་འགྲོ་མཁན་དབུལ་སྒྲོལ་མི་འབོར་གྱི་གཞི་ཁྱོན་ལོ་རེར་མི་ཁྲི་210ཡན་བརྟན་པོ་ཡོང་བ་བྱེད་དགོས་ལུགས་བཏོན་ཡོད།

《ཇུས་གཞིའི》ནང་། 2023ལོ་ནས་2025ལོ་བར་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཀྱི་ཁེ་གཙང་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་འཕར་ཚད་ལས་མཐོ་བ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད་1:1.1ཙམ་བར་འཕར་དགོས་པ་གསལ་པོར་འཁོད་ཡོད། 《ཇུས་གཞིའི》ནང་། ཞིང་ཆེན་བརྒལ་བའི་གླ་པའི་འགྲིམ་འགྲུལ་ཁ་གསབ་ཀྱི་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་བྱས་ནས་ཞིང་ཆེན་གཞན་དུ་གླ་པ་བསྟུད་མར་ཟླ་བ་3མམ་ཡང་ན་རིམ་རྩིས་བརྒྱབ་ན་ཟླ་བ་6ཡན་ཟིན་པའི་དབུལ་སྒྲོལ་མི་འབོར་ལ་ཁ་གསབ་སྤྲོད་དགོས་རིགས་ལ་ཁ་གསབ་གང་ཐུབ་བྱེད་པ་དང་། ལོ་ལྟར“ཧོ་ནན་ཞིང་ཆེན་གྱི་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་རོགས་སྐྱོར་དཔེ་སྟོན་ས་ཚིགས”100གཏན་འཁེལ་བྱེད་པ་མ་ཟད། གཏན་འབེབས་གཞིར་བཟུང་བྱ་དགའ་དང་ཁ་གསབ་སྤྲོད་པ། ཆ་རྐྱེན་ཡོད་པའི་དབུལ་སྒྲོལ་ས་ཁུལ་གྱི་ཁུལ་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་ལ་གཏོད་པར་རྒྱབ་སྐྱོར་བྱས་ནས། 2025ལོར་སླེབས་སྐབས་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ལུས་གསོའི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་400བཏོད་དེ་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་བྱ་སྤྱོད་ཀྱི་མཛེས་ལྗོངས་ས་ཚིགས་ཀྱི་ལམ་ཐིག་རྩེ་གྲ་འདེམས་པའི་ནང་དབུལ་སྒྲོལ་ས་ཁུལ་སྔོན་དུ་འོས་སྦྱོར་བྱེད་དགོས་ལུགས་བཏོན་ཡོད། 《ཇུས་གཞིའི》ནང་། 2023ལོ་ནས་2025ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་ལོ་ལྟར་ཐོན་ལས་ལ་སྤྱོད་པའི་བསྡུར་ཚད་60%དང་། 65% 70%བཅས་ལས་མི་ཉུང་བ་དང་། རྫོང(གྲོང་ཁྱེར་དང་ཆུས)རེ་རེས་ཁྱད་ཆོས་མངོན་གསལ་དོད་པའི་ལེགས་ཆའི་རོགས་སྐྱོར་ཐོན་ལས་1ནས་3བར་སྐྱེད་སྲིང་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པའི་འཕེལ་རྒྱས་ཀྱི་རོགས་སྐྱོར་བྱ་ཡུལ་ལ་གཏན་འཁེལ་བའི་གྲོང་ཚོ་རེར་སྒོར་50ལས་མི་དམའ་བའི་ཚད་གཞི་གཞིར་བཟུང་ཁ་གསབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(རིག་རྡོར་གྱིས་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)