《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年12月09日

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱས་ཏེ་ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྤྱིའི་ཇུས་གཞི》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱས་ཏེ་ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྤྱིའི་ཇུས་གཞི》(གཤམ་དུ《སྤྱིའི་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《སྤྱིའི་ཇུས་གཞིའི》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྒྲིག་སྲོལ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་བ། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་འཆར་འགོད་ཁྱབ་ཁོངས་སུ་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་འབྲེལ་མཐུད་ཐུབ་པའི་ལམ་ལུགས་མ་ལག་དང་ལྟ་འདོམས་བྱེད་ཐབས་སྔོན་ལ་གཏོད་པ། རྒྱལ་ཁབ་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེའི་དཔེ་སྟོན་ཁུལ་གཏོད་པ་བཅས་བྱས་ནས། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བར་ཐབས་ལམ་གསར་པ་འཚོལ་ཞིབ་དང་ཉམས་མྱོང་གསར་པ་གསོག་འཇོག་བྱེད་དགོས་ཞེས་བཏོན་ཡོད།

《སྤྱིའི་ཇུས་གཞིའི》ནང་ཕྱོགས་བདུན་ལ་དམིགས་ནས་བྱ་ཐབས་ཁག་80བཏོན་པ་སྟེ། གཅིག་ནས་ཚོང་དོན་ལ་ཞབས་འདེགས་མགྱོགས་པོ་ཞུ་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། དངུལ་རྩ་དང་གློག་འཕྲིན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། རྒྱལ་སྒྲོལ་མ་དངུལ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་ཡོང་ཚད་མཐོ་རུ་གཏོང་བ། རྒྱལ་སྒྲོལ་ཀུང་སིས་མ་དངུལ་དོ་དམ་ལྟེ་གནས་འཛུགས་པར་རྒྱབ་སྐྱོར། གློག་འཕྲིན་ལས་སྒོའི་ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཞབས་འདེགས་ཀྱི་ལས་རིགས་ལམ་ལུགས་ཅན་གྱི་སྒོ་དབྱེར་ཁྲིད་སྟོན་བཅས་བྱེད་དགོས། གཉིས་ནས་དངོས་ཟོག་ཚོང་དོན་གྱི་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནང་འདྲེན་བཟོ་བཅོས་དངོས་ཟོག་དང་། ཚོང་སྤྱོད་གསང་ཨང་ཐོན་རྫས། སྨན་བཅོས་ཡོ་ཆས། རྒུན་ཆང་སོགས་དམིགས་བསལ་དངོས་ཟོག་ནང་འདྲེན་གྱི་དོ་དམ་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མངའ་ཁོངས་ནང་གི་རིམས་ནད་བརྟག་ཞིབ་གོ་རིམ་སྟབས་བདེ་དང་། ཉུང་འཕྲི་རེ་འདུན་ཞུ་བའི་བྱེད་པོ་མང་དུ་གཏོང་བ་སོགས་སྟབས་བདེ་ཅན་གྱི་བྱ་ཐབས་ཚོད་ལྟ་ལག་བསྟར། ཚན་རིག་དང་མཐུན་པ་དང་། སྟབས་བདེ་བ། ཕན་འབྲས་ཆེ་བ་བཅས་ཀྱི་དོ་དམ་བྱེད་སྟངས་ཤུགས་ཆེན་གཏོད་པ་བཅས་བྱེད་དགོས། གསུམ་ནས་ཚད་གཞི་མཐོ་བའི་གྲངས་འཛིན་ཚོང་དོན་གྱི་སྒྲིག་སྲོལ་སྔོན་ལ་ལག་བསྟར་བྱེད་དགོས། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་སྔོན་ལ་གྲངས་གཞིའི་དཀར་ཆག་གལ་ཆེན་བཟོ་བར་རྒྱབ་སྐྱོར་དང་། ཁྲིམས་མཐུན་བདེ་འཇགས་དང་སྟབས་བདེའི་གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། གྲངས་འཛིན་ལག་རྩལ་ལ་ནུས་པ་མགྱོགས་པོ་སྤྲོད་པ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གློག་རྡུལ་འཛིན་ཤོག་སྤྱོད་པར་སྐུལ་འདེད་གཏོང་བ། གྲངས་གཞི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཚོང་དོན་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ་བཅས་བྱེད་དགོས། བཞི་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོང་རྟགས་དང་། ཁེ་བེད་བདག་ཐོབ། ས་ཁམས་མཚོན་རྟགས་སོགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་གྱི་ལྟ་འདོམས་དང་ཁྲིམས་འཛིན་གྱི་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ལྔ་ནས་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཤར་བགྲོད་སྒྲིག་སྲོལ་དང་འབྲེལ་མཐུད་བྱས་ནས་ཉོ་སྒྲུབ་ཀྱི་གོ་རིམ་སྔར་ལས་ལེགས་སུ་གཏོང་བ་དང་། ཉོ་སྒྲུབ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། ཉོ་སྒྲུབ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་ལྡན་ཁ་གསལ་དང་ཚན་རིག་དང་མཐུན་ཞིང་ནན་པའི་སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་མ་ལག་འཛུགས་པ་བཅས་བྱེད་དགོས། དྲུག་ནས་འབྲེལ་ཡོད་ཀྱི“དངོས་ཟོག་ནང་འདྲེན་རྗེས་ཀྱི”དོ་དམ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར། ཁོར་ཡུག་ཐོན་རྫས་དང་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་ལ་བསྔགས་སྐུལ། དྲང་གཞག་དང་། ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་སྐྲུན་པ་བཅས་བྱེད་དགོས། བདུན་ནས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་སྐྲུན་ཤུགས་ཆེ་རུ་གཏོང་དགོས། ལྟ་འདོམས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་འདོམས་བྱེད་ཐབས་གསར་གཏོད་བྱེད་པ། འགན་དབང་ཁ་གསལ་དང་། དྲང་གཞག་དྲང་བདེན། ཡོངས་བསྒྲགས་ཁ་གསལ། སྟབས་བདེ་ནུས་ཆེ་བཅས་ཀྱི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པར་སྐུལ་འདེད་གཏོང་དགོས།

(པ་ཚེས་བསྒྱུར། པ་ཚེ་དང་སྐལ་མཆོག་གིས་ཞུས)