《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年09月27日

ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་དོན་གཉེར་དང་། མདུན་གྲལ་དུ་སྐྱོད་པ། འཕེལ་ཕྱོགས་ཀྱི་སྔོན་བསུ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲེ་ཅང་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

ཟླ་9ཚེས་20ཉིན་དང་ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་དུ་རྟོག་ཞིབ་གནང་སྐབས་ཚོང་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཟླ་9ཚེས་20ཉིན་དང་ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་20ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུའུ་ཅེ་གྲོང་ཁྱེར་ཧྥེང་ཆའོ་གྲོང་རྡལ་གྱི་ཧྥེང་ཆའོ་ཡི་ཉམས་མྱོང་བཤམས་སྟོན་ཁང་དུ་ས་གནས་དེ་གའི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

■ འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ། ཐུན་མོང་འབྱོར་ཕྱུག་གི་དཔེ་སྟོན་ཁུལ་བསྐྲུན་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་གཏོད་པར་དམིགས་པ། འཆར་གཞི་མཐའ་གཅིག་ཏུ་འགོད་རྒྱུ་མཐའ་འཁྱོངས། “བརྒྱད་བརྒྱད་འཐབ་ཇུས”མུ་མཐུད་གཏིང་ཟབ་དང་ཏན་ཏིག་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་དངོས་གཉེར་དང་། མདུན་གྲལ་དུ་སྐྱོད་པ། འཕེལ་ཕྱོགས་དང་བསྟུན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲེ་ཅང་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

■ ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། དོན་དངོས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་མཐའ་འཁྱོངས། ཕུགས་ལ་དམིགས་པ་དང་རྨང་གཞི་བརྟན་པོ་འདིང་རྒྱུ་མཐའ་འཁྱོངས། དངོས་སྒྲུབ་དངོས་གཉེར་དང་ཕན་འབྲས་དོན་གཉེར་མཐའ་འཁྱོངས་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་པའི་རང་འགན་ཐེག་པ་འཁུར་ལེན་ལ་ལྕག་འདེབས་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་འཛུགས་དགོས།

ཤིན་ཧྭ་གསར་འགྱུར་ཁང་ཀྲེ་ཅང་ཧང་ཀྲོའུ་དང་ཧྲན་ཏུང་ཙའོ་ཀྲོང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ། ཐུན་མོང་འབྱོར་ཕྱུག་གི་དཔེ་སྟོན་ཁུལ་བསྐྲུན་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་གཏོད་པར་དམིགས་པ། འཆར་གཞི་མཐའ་གཅིག་ཏུ་འགོད་རྒྱུ་མཐའ་འཁྱོངས། “བརྒྱད་བརྒྱད་འཐབ་ཇུས”མུ་མཐུད་གཏིང་ཟབ་དང་ཏན་ཏིག་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་དངོས་གཉེར་དང་། མདུན་གྲལ་དུ་སྐྱོད་པ། འཕེལ་ཕྱོགས་དང་བསྟུན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲེ་ཅང་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

ཟླ་9ཚེས་20ཉིན་དང་ཚེས་21ཉིན། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ལེན་ཧུང་དང་ཧྲེང་ཀྲང་ཝང་ཧའོ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་ཅིན་ཧྭ་དང་ཧྲའོ་ཤིང་སོགས་ས་ཆར་ཕེབས་ནས་གྲོང་གསེབ་དང་། ཚོང་དོན་ཁྲོམ་ར། བཤམས་སྟོན་ཁང་། རིག་གནས་གླིང་ཁུལ་སོགས་སུ་བརྟག་ཞིབ་གནང་བ་རེད།

ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་གྲོང་ཁྱེར་ཧོའུ་ཀྲའེ་ཁྲོམ་གཞུང་གི་ལི་ཙུའུ་གྲོང་ཚོར་བརྟག་ཞིབ་གནང་བ་རེད། ཉེ་བའི་ལོ་ཤས་རིང་། ལི་ཙུའུ་གྲོང་ཚོའི་སྡོད་མའི་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་པ་མ་ཟད། ལས་གཏོད་བྱེད་པོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོར་བཅའ་སྡོད་བྱས་པར་བརྟེན། གྲོང་གསེབ་ཀྱི་ཡུལ་སྐོར་ལས་སྒོ་འཁྲུག་ཆ་དོད་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོར་བདམས་ཡོད། ཞི་ཅིན་ཕིང་སྔ་རྗེས་སུ་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དང་། “ཐུན་མོང་འབྱོར་ཕྱུག་ཁྲོམ་ར” ཚོས་རྒྱག་ཚོང་ཁང་སོགས་སུ་ཕེབས་ནས་ལི་ཙུའུ་གྲོང་ཚོའི་འཕེལ་རྒྱས་འགྱུར་ལྡོག་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལི་ཙུའུ་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5.2ཟིན་པ་མཁྱེན་སྐབས་ཞི་ཅིན་ཕིང་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་ལི་ཙུའུ་གྲོང་ཚོས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་བཏང་བ་དེ་ནི་ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་བསྡུས་རིས་ཤིག་ཡིན་པས། ཡང་འབད་བསྐྱར་འབད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱིས་ན་གཞོན་ཚོར་འཇོན་ཐང་ངོམས་སའི་གནས་མཁོ་འདོན་བྱས་ཡོད་པས། ན་གཞོན་དེ་བས་མང་པོས་གྲོང་གསེབ་དར་རྒྱས་ཆེད་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། གྲོང་ཚོ་ནས་ཞལ་གྱེས་སྐབས་ས་གནས་དེ་གའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་འཛོམས་ནས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་གྲོང་གསེབ་དར་རྒྱས་ལ་གཏིང་ཤུགས་དང་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། ཡུལ་མི་ཚོས་འབད་བརྩོན་ཧུར་ཐག་བྱས་ནས་ཐུན་མོང་འབྱོར་ཕྱུག་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མཉམ་དུ་བསྐྱོད་དགོས་ཞེས་གསུངས་པ་རེད།

དེ་རྗེས། ཞི་ཅིན་ཕིང་གིས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་གློག་རྡུལ་བརྙན་ལམ་ནས་ཚོང་དོན་གྲོང་གི་གཉེར་སྐྱོང་དང་དེ་བཞིན“དབྱི་ཝུའུ་དང་། ཤིན་ཅང་། ཡོ་རོབ”བཅས་ཀྱི་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་བྱེད་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཚོང་ཁང་དུ་ཕེབས་ནས་ཚོང་པ་དང་ཁེ་ལས་ཆུང་གྲས་ཀྱི་འཐུས་མི་གཙོ་བོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་ཁྲོམ་རའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་དབྱི་ཝུའུ་ཡི་ཚོང་ཟོག་ཙག་ཙིག་ཁྲོམ་ར་ཆེན་པོར་བསྐྱོད་ནས་ཐོན་ལས་ཆེན་པོ་བཏོད་པ་དེ་ཧ་ལས་དགོས་པའི་བྱ་བ་ཞིག་རེད། མི་ཚང་མ་ནི་དེའི་ནང་ཞུགས་མཁན་དང་། འཛུགས་སྐྲུན་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་རེད། ཚོང་དོན་གྲོང་གིས་སླར་ཡང་འོད་སྟོང་གཏོད་དེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་བགྲོད་ཐུབ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

འདི་ལོ་ནི་བློ་མཐུན་མའོ་ཙེ་ཏུང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་སྤེལ་གཏོང་བར་མཆན་བཀོད་མཛུབ་སྟོན་གནང་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཚེས་20ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང“ཧྥེང་ཆའོ་ཡི་ཉམས་མྱོང”དར་ཡུལ་ཀྲུའུ་ཅེ་གྲོང་ཁྱེར་ཧྥེང་ཆའོ་གྲོང་རྡལ་དུ་ཕེབས་ནས་ཧྥེང་ཆའོ་ཡི་ཉམས་མྱོང་བཤམས་སྟོན་ཁང་དུ་གཟིགས་སྐོར་གནང་སྟེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”གི་གསོན་ཉམས་དོད་པའི་ལག་ལེན་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་པ། མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་ཡང་དག་བྱེད་པ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་གནད་དོན་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་ཏུ་སེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཧྲའོ་ཤིང་དུ་ཡོད་པའི་ཀྲེ་ཅང་ཤར་རྒྱུད་ཀྱི་མིས་བཟོས་གཙང་པོའི་རིག་གནས་གླིང་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཞབས་ཐང་མར་གནའ་བོའི་མིས་བཟོས་གཙང་པོའི་ཆུ་ལམ་དང་ཉེ་འཁོར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་གཟིགས་ཞིབ་གནང་བ་མ་ཟད། ཀྲེ་ཅང་ཤར་རྒྱུད་ཀྱི་མིས་བཟོས་གཙང་པོའི་འཕེལ་རྒྱས་རིམ་འགྱུར་གྱི་ལོ་རྒྱུས་དང་། ས་གནས་དེ་གས་ཆུའི་ཐོན་ཁུངས་ལུགས་མཐུན་ངང་སྤྱོད་པ། མིས་བཟོས་གཙང་པོ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་མིས་བཟོས་གཙང་པོ་ཆེན་པོ་ནི་འཛམ་གླིང་ཐོག་གི་མིས་བཟོས་གཙང་པོ་རིང་ཤོས་ཤིག་ཡིན་ལ། ཧ་ཅང་རྩ་ཆེ་བའི་རིག་གནས་ཤུལ་བཞག་ཅིག་ཀྱང་རེད། མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་ནི་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱ་རྒྱུར་འབད་བརྩོན་བྱས་ཏེ་གནའ་བོའི་མིས་བཟོས་གཙང་པོ་ཆེན་པོ་ནས་དུས་རབས་ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚེས་21ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས་ཀྲེ་ཅང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཀྲེ་ཅང་ལ་བླང་བྱ་གསར་པ་ཡང་བཏོན་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲེ་ཅང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དང་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས། ཚན་རྩལ་མདུན་གྲལ་གྱི་ཁྱབ་ཁོངས་གང་མགྱོགས་ཚད་བརྒལ་ཐུབ་པ་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་མི་སྣའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་ཚན་རྩལ་གྲུབ་འབྲས་དོན་འཁྱོལ་གཞན་སྒྱུར་བྱེད་ཚད་མགྱོགས་སུ་གཏོང་དགོས། དངོས་ཚན་དཔལ་འབྱོར་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་རྩ་བར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཀྱིས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་གང་མགྱོགས་སྤྱོད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲེ་ཅང་གིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ཁྲོད་སྔོན་ལ་མིག་དཔེ་གཏོད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་དང་། ས་ཁུལ་དབར་གྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་བཅས་ཆུང་དུ་གཏོང་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བརྩིས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལས་ཞུགས་ཀྱི་གཤོང་ཚད་ཆེ་རུ་གཏོང་བར་སྣང་ཆེན་བྱས་ནས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲེ་ཅང་གིས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད་མུ་མཐུད་ལེའུ་གསར་རྩོམ་དགོས། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་ཁྱབ་ཁོངས་ཁག་གི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་གོ་ལ་ཧྲིལ་པོར་ལྟ་བའི་མིག་རྒྱང་ནས་སྒྱུར་བཅོས་ཇུས་འགོད་བྱས་ཏེ་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་དགོས། སྒོ་དབྱེའི་ལས་སྟེགས་སྣ་ཚོགས་ཀྱི་ནུས་པ་གང་ལེགས་བཏོན་ནས་ཕྱི་དངུལ་བཀོལ་སྤྱོད་དང་ཕྱི་ཕྱོགས་ཚོང་དོན་གྱི་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐབས་ལམ་གསར་གཏོད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། དོན་དངོས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་མཐའ་འཁྱོངས། ཕུགས་ལ་དམིགས་པ་དང་རྨང་གཞི་བརྟན་པོ་འདིང་རྒྱུ་མཐའ་འཁྱོངས། དངོས་སྒྲུབ་དངོས་གཉེར་དང་ཕན་འབྲས་དོན་གཉེར་མཐའ་འཁྱོངས་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་པའི་རང་འགན་ཐེག་པ་འཁུར་ལེན་ལ་ལྕག་འདེབས་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་འཛུགས་དགོས།

ཟླ་9ཚེས་24ཉིན་གྱི་ཕྱི་དྲོར། པེ་ཅིང་དུ་ལོག་ཕེབས་པའི་ལམ་བར། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲེང་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཙའོ་ཀྲོང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། ཙའོ་ཀྲོང་ནི་རང་རྒྱལ་གྱི་སེ་འབྲུ་གཅིག་སྡུད་ཡུག་འབྲེལ་གྱི་འདེབས་འཛུགས་བྱ་ཡུལ་ཆེ་ཤོས་དང་། སྣ་ཁ་མང་ཤོས། ཐོན་ལས་འཁོར་འབྲེལ་ཆ་ཚང་ཤོས་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ཞི་ཅིན་ཕིང་དབྱི་ཁྲེང་ཆུས་ཀྱི་ཀོན་ཧྲི་སེ་འབྲུ་གླིང་གི་སེ་འབྲུའི་སོན་རྒྱུ་ཐོན་ཁུངས་མཛོད་དུ་ཕེབས་ནས་སེ་འབྲུའི་སྡོང་པོར་གཟིགས་གནང་བ་མ་ཟད། ས་གནས་དེ་གའི་སེ་འབྲུ་འདེབས་འཛུགས་ཀྱི་ལོ་རྒྱུས་དང་། སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་ཉར་ཚགས། ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། སེ་འབྲུ་འདེབས་འཛུགས་གླིང་དུ་ཕེབས་ནས་ཡུལ་མི་ཚོར་འདི་ལོའི་སེ་འབྲུ་འདེབས་འཛུགས་དང་། ལོ་ལེགས། ཡོང་འབབ་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ལྷན་དུ་རྟོག་ཞིབ་ལ་ཕེབས་པ་རེད།

ལི་ཀན་ཅེ་དང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཁག་སོ་སོར་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།

(པ་སངས་དང་། སྐལ་མཆོག བུ་ཁྲིད་བཅས་ཀྱིས་སྒྱུར་ཞུས་བྱས)