གོག་པོ་བསྒུར་ནས་འགྲོ་བའི་བསམ་མེད་བྱིས་པ་དང་། །
ལ་ལུང་འདོམ་གྱིས་འཇལ་བའི་ཤ་དར་ཁྲག་དར་ནས། །
རང་ལུས་རང་ཚུགས་མི་ཐུབ་རྒས་ཤིང་འཁོགས་པའི་བར། །
སྡོད་ཚུགས་མེད་པ་དུས་ཀྱི་ཕོ་ཉའི་རང་གཤིས་ལགས། །
འཛུམ་ཆུང་ལྷུག་པོར་བཞད་པ་ཁམ་བུའི་མེ་ཏོག་དང་། །
འཚོ་བའི་ཁུར་གྱིས་གནོན་པའི་རྒྱ་ལྕང་སྐྲ་ལོ་ནས། །
ལོ་ཟླའི་ཆར་གྱིས་གཙེས་པའི་སྡོང་རྒན་གཉེར་རིས་བར། །
སྡོད་ཚུགས་མེད་པ་དུས་ཀྱི་ཕོ་ཉའི་རང་གཤིས་ལགས། །
གང་བཤད་རང་གིས་མི་ཤེས་ནེ་ཙོའི་འདོན་པ་དང་། །
བདེན་རྫུན་གཏམ་ལ་མཁས་པ་ཉིན་སྲིབ་རང་གསལ་ནས། །
དབ་དིབ་སྨྲ་ལྕེར་བར་མེད་བསྐྱར་ཟློས་མང་བའི་བར། །
སྡོད་ཚུགས་མེད་པ་དུས་ཀྱི་ཕོ་ཉའི་རང་གཤིས་ལགས། །
ཁ་མཚར་རྩེད་མོར་མཁས་པའི་ལོ་ཆུང་སྣང་མཐོ་དང་། །
རྒྱས་བཤད་རྒྱས་གླེང་བགྱིད་པའི་མི་ཆེན་མི་ཆུང་ནས། །
གཏམ་གྱི་གོ་བརྡར་དོགས་པའི་སྦྱར་སྡོང་རྐང་གཅིག་བར། །
སྡོད་ཚུགས་མེད་པ་དུས་ཀྱི་ཕོ་ཉའི་རང་གཤིས་ལགས། །
ཕ་མའི་གཅེས་ཕྲུག་ཡིན་པའི་བྱིས་པ་ལོ་བརྒྱད་དང་། །
རྒན་གཞོན་བྱམས་ཀྱིས་སྐྱོང་བའི་ཁྱིམ་གྱི་ཀ་བ་ནས། །
རང་མགོ་རང་མཐོན་དཀའ་བའི་བགྲེས་པོ་མགོ་དཀར་བར། །
སྡོད་ཚུགས་མེད་པ་དུས་ཀྱི་ཕོ་ཉའི་རང་གཤིས་ལགས། །
མི་ཡི་ཚེ་ཚད་མཛུབ་མོའི་རིང་ཐུང་གཅིག་འདྲ་སྟེ། །
གསར་སྐྱེས་ལྗོན་པ་ཇི་བཞིན་མགོ་ལྕོག་འབུར་བ་ནས། །
ནམ་དུས་སྐབས་ལ་བབས་ཏེ་རྩ་ནས་ཆད་པའི་བར། །
སྡོད་ཚུགས་མེད་པ་དུས་ཀྱི་ཕོ་ཉའི་རང་གཤིས་ལགས། །