འུར་འུར་འདུ་འཛི་རྒོད་པའི་གྲོང་ཁྱེར་ན། །
སེར་སེར་ཉི་མར་འགྲན་པའི་གློག་སྒྲོན་དང་།
ཁྲ་ཁྲས་བརྒྱན་པའི་ལེགས་བྲིས་སྐྱེད་མོས་ཚལ། །
ཞིམ་ཞིམ་དད་པའི་བསང་དྲི་སྣ་ཡི་བཅུད། །
མཐོ་མཐོ་ས་འཛིན་བརྟོལ་བའི་ཐོག་བརྩེགས་ཁང་། །
དར་དར་འཕྲིན་ལས་རྒྱས་པའི་སྲིད་འབྱོར་རིག །
ལེགས་ལེགས་སྣང་གནས་དེ་ཀུན་སྣང་བའི་མཐུས། །
དྲོ་དྲོ་གཞལ་ཡས་ཁང་དུ་གནས་ན་ཡང་། །
དཀར་དཀར་ཟོལ་བྲལ་ཞེ་ཡི་སྐུལ་སློང་གིས། །
མཛེས་མཛེས་རྩྭ་ཐང་བུ་མོའི་སེམས་པའི་ཀློང་། །
དྲན་དྲན་ཕ་ཡུལ་ཡིད་མཚོར་ལྷམ་མེར་ཤར། །
ཨུཏྤལ་ཁུ་བས་ཡང་ཡང་འདྲེན་འདྲ་བའི། །
མཛེས་པའི་གཡུ་གཞོང་ཉམས་ལྡན་བུ་མོའི་བཞིན། །
མཐའ་ཡས་རྒྱ་མཚོའི་འཇིངས་ལ་འགྲན་འདྲ་བའི། །
རྣམ་པ་འདི་ནི་ཨེ་མ་ངོ་མཚར་རྨད། །
གཡས་ན་མཛེས་པའི་གངས་དཀར་ཅོད་པན་བརྒྱན། །
གཡོན་ན་མ་ཡུམ་གནམ་མཚོ་སྔས་ལ་བརྒྱབ། །
དབུས་ན་གཡང་ཟོག་དཀར་ནག་པང་དུ་ཉར། །
རང་ཡུལ་མཛེས་པོ་སེམས་ཀྱི་དྲན་ཤིང་ལགས། །