ཁྲུང་ཁྲུང་རྩེད་འཇོར་རོལ་སའི་གནས་ཀྱི་མཆོག །
ཆིལ་ཆིལ་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ། །
འཇམ་འཇམ་ཉི་འོད་ཡུལ་འདིར་འཕྲོས་པའི་ཚེ། །
སྣུམ་སྣུམ་འོད་མདངས་བཀྲ་བའི་ལྷ་ས་སྐྱིད། །
འཁྱུད་འཁྱུད་གངས་རིས་བསྐོར་བའི་ཞིང་ཁམས་ན། །
ལྗང་ལྗང་མགོ་ལྕོག་ལྡེམ་པའི་རྐང་འཐུང་དང་། །
སྙན་སྙན་རྣ་བར་སིམ་པའི་བྱ་བྱེའུ་སྐད། །
མཚར་མཚར་སྐྱེད་ཚལ་མང་བའི་ལྷ་ས་སྐྱིད། །
ཅེར་ཅེར་མིག་ཟུང་བསླུ་བའི་ཕྱོགས་མཚམས་ན། །
སྙན་སྙན་གྲགས་པ་གཡོ་བའི་གྲུ་འཛིན་བརྗིད། །
མཐོ་མཐོ་ཨ་སྔོན་ཡངས་པོར་བསྙེགས་འདྲ་བ། །
མཆོར་མཆོར་རྒྱན་གྱིས་སྤུད་པའི་ལྷ་ས་སྐྱིད། །
བསིལ་བསིལ་སྐྱིད་པའི་ཉི་འོད་གྲོང་ཁྱེར་ལ། །
ཟབ་ཟབ་ཤེས་བྱའི་གཏིང་དཔོག་རབ་དཀའ་བ། །
འཛོམས་འཛོམས་སྣ་མང་རིན་ཆེན་གཏེར་མཚོ་ན། །
རྒྱས་རྒྱས་དབྱར་མཚོ་འགྲན་པའི་ལྷ་ས་སྐྱིད། །