དེ་རིང་བདག་གི་དབང་པོའི་སྣང་ཡུལ་གློ་བུར་སྐྱོ་བས་བཏེགས། །
གང་སྐུ་སློབ་དཔོན་དམ་པ་རང་མཚན་གྱུར་བའི་གཏམ་ངན་ཐོས། །
རྗེས་དྲན་ཚིག་གསུམ་འབྲི་བྱེད་འདུ་བྱེད་སོར་མོ་འདར་བཞིན་དུ། །
གང་གི་བཀའ་དྲིན་དྲན་ཏེ་གློ་སྙིང་གདུང་བའི་མཆི་མས་བརྣངས། །
བགྲང་བྱ་ཉི་ཤུའི་སྔོན་དུ་གང་གི་གསེར་ཞལ་སེམས་ཀྱིས་མཇལ། །
གསུང་གི་བདུད་རྩི་ཐོབ་པས་རྨོངས་བློའི་སྨག་ལ་སྒྲོན་མེ་གསལ། །
མཚན་སྙན་རྫ་རྔ་འཁྲོལ་བའི་སློབ་དཔོན་ཆེ་མོའི་མཛད་འཕྲིན་གྱིས། །
བདག་སོགས་སྐལ་ལྡན་ཁྱུ་གཅིག་འོད་ཀྱི་ལམ་ལ་ལན་བརྒྱར་བརྫངས། །
རེབ་གོང་རིག་འབྱུང་གྲོང་དུ་རིགས་རུས་འཁོན་གྱི་སྲས་སུ་བལྟམས། །
སྐུ་ན་གཞོན་དུས་བདག་ཡུལ་མང་རའི་སློབ་ཆུང་དགེ་རྒན་གནང་། །
རིམ་བཞིན་ཙོང་ཁ་སྡེ་ཁམས་སོགས་སུ་བསླབ་པ་སློབ་གཉེར་མཛད། །
མཁས་སྤྲུལ་ཤར་གདོང་མཆོག་གཙོས་མཚན་ལྡན་བཤེས་གཉེན་དུ་མར་བསྟེན། །
ཐུགས་ཀྱི་མཁའ་ལ་བློ་གྲོས་ཉིན་བྱེད་སྣང་བའི་གཟི་བྱིན་འབར། །
འཆད་པའི་ཚེ་ན་ལོག་སྨྲའི་ཚང་ཚིང་བསྲེགས་པའི་གད་རྒྱངས་སྒྲོག །
རྩོད་པའི་དུས་སུ་མི་རྟག་རིག་པའི་ཀླད་བརྒྱ་རྨང་ནས་འགེམས། །
རྩོམ་པའི་ཚིག་གིས་གནས་ལྔའི་དཀའ་གནད་མདུད་བརྒྱའི་དོགས་པ་སེལ། །
ཚིག་རྒྱན་རིག་པའི་གནས་ལ་སྔར་མེད་དགོངས་པའི་བཞེད་ཚུལ་བཏོན། །
ལོ་ཙཱའི་གཞུང་ལ་བསླབ་པ་ཟབ་པའི་མིང་གི་ཆོ་ལོ་ཐོབ། །
རྩོམ་སྒྲིག་ལས་ཀའི་ལག་ལེན་གསེར་ཐིགས་བདག་གིར་བཞེས་གནང་མཛད། །
རྒྱ་བོད་ཚིག་མཛོད་ཆེན་མོའི་པོ་ཏི་བློ་ཡི་གཞལ་བྱས་བསྐྲུན། །
མི་རིགས་སློབ་གསོའི་ཆུ་སྐྱེས་ལྗོན་ཤིང་སྐྱོང་བའི་མཛད་པ་རྨད། །
གངས་ཅན་རིག་གཞུང་ཤ་ཚས་གཉོར་བའི་ལྷག་བསམ་ལས་ལ་གཞོལ། །
སྐད་གཉིས་སྨྲ་བའི་དབང་པོ་ཁྱེད་ཉིད་མཁས་པའི་དྲུང་ན་མཛེས། །
ཐུགས་ཀྱི་སྲས་དང་གདུལ་བྱ་མང་པོས་མེས་རྒྱལ་ས་ཁོངས་ཁྱབ། །
འབུམ་རམས་ཞིབ་འཇུག་སློབ་མའི་སྡེ་ཡི་མཛུབ་སྟོན་སློབ་དཔོན་གནང་། །
སྤྱི་ཁྱབ་རྩོམ་སྒྲིག་པ་དང་ཞུས་ཆེན་ལོ་ཙཱའི་མཚན་རྟགས་བཞེས། །
མི་རིགས་སློབ་གྲྭ་ཆེ་མོའི་གླིང་གཙོ་ཟུར་པའི་དཔོན་མིང་ཐོགས། །
བོད་ཀྱི་ཤེས་རིག་སྤེལ་ལ་གདུང་འདེགས་ཀ་བའི་མཚན་སྙན་གསོལ། །
ཞལ་རས་དཀྱིལ་འཁོར་ངང་མདངས་དཀར་ཞིང་གདོང་གི་ཕོ་སྒོ་འཛོམས། །
སྐུ་ལུས་གཟུགས་ཀྱི་ལང་ཚོ་བཀྲ་ཞིང་རྣམ་དཔྱོད་ཉམས་སྣང་རྫོགས། །
གསུང་གི་སྨྲ་ལྕེ་དག་པའི་ལྗགས་རྩེ་གློག་དམར་འཁྱུག་ཅིང་རྒོད། །
ཐུགས་ཀྱི་ཆུ་གཏེར་ཡོན་ཏན་ནོར་བུས་གཏམས་པའི་བརྟུལ་ཞུགས་འཛིན། །
རེ་ཞིག་གཟུགས་སྐུའི་བཀོད་པ་ཆུ་ལྷའི་ཕང་བར་མནལ་ན་ཡང་། །
གསུང་པོད་བོད་ལ་བཞག་ཡོད་ཉིད་ཀྱི་མཛད་པ་གསེར་བྲིས་མ། །
བུ་སློབ་བདག་སོགས་བསོད་ནམས་མིག་གི་དཔྱིད་ལ་རྒྱན་དུ་ཆེ། །
རིག་པའི་དཔའ་བོ་ཁྱེད་ནི་སློབ་མའི་སེམས་ཀྱི་དེད་དཔོན་ལགས། །
དེ་ལྟར་བདག་བློ་དད་པའི་གུར་ཁང་ལས་བརྩམས་རྗེས་དྲན་ཚིག །
རིག་པའི་སྐར་མ་མཁའ་ལས་ཡལ་བའི་ངང་ཚུལ་མ་བཟོད་པར། །
བཀའ་དྲིན་དྲན་པའི་ཚབ་ཏུ་སྙན་ངག་སྦྱོར་བ་འདི་ཕུལ་ནས། །
སློབ་དཔོན་ཁྱེད་ལ་སྐྱེལ་མའི་གདུང་འབོད་ལན་གསུམ་ངག་ནས་ཐལ། །