《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月02日

༄༅། །ཨ་ཕའི་རལ་པ།

ངག་དབང་རྒྱ་མཚོ།

ཨ་ཕའི་ལྟག་རྒྱབ་ཏུ་དཔྱངས་པའི་རལ་པ།

རྩྭ་ཐང་འདིའི་དགོང་སྲོད་ཀྱི་རླུང་བུས་གསེད་བཞིན་འདུག

རླུང་གིས་གསེད་པའི་རལ་པ་ལས་དྲི་མ་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་ནས་ཡོང་།

ངས་ཐ་སྙད་ཀྱི་ཁྱོར་བའི་ནང་དུ་ཡང་ཡང་ཟིན་ཐབས་བྱས་ཀྱང་ངལ་བར་གྱུར།

བྱིས་དུས་སུ། ནུབ་ཁའི་ཉི་མར་རྒྱང་ལྟ་བྱས་ཚེ།

ཁྱོད་ཀྱི་རྒྱབ་གཞུང་དང་རལ་པ་ཅི་འདྲའི་བརྗིད་ཅིང་མཛེས།

རི་རབ་དང་གཙང་པོས་ཆོད་པའི་ལོ་ཟླའི་ཚུར་རོལ་གྱི་དུས་ཚིགས་བཞིར།

རི་ཚོགས་ལ་མགོ་བོ་བསྙེས་ཤིང་ནགས་ཀླུང་གི་ཚལ་དུ་འཛུལ་ཡང་ང་རང་ཤིན་ཏུ་གྲང་།

ད་ལྟ། ཨ་ཕའི་རལ་པའི་ཡང་སྟེང་དུ།

དུས་ཚོད་ཀྱི་ཁ་བ་བབས་འདུག་ཟེར།

མེ་ལོང་གི་ངོས་སུ་ཅེར་ཏེ་སེམས་པ་དགུན་ཟླ་བཞིན་འཁྱགས་དོན་ཅི།

ངས་ཕ་ཡུལ་གྱི་རི་ཆུའི་པང་ནས་དབྱར་ཟླ་ཞིག་གི་མཛེས་པ་ཡོད་ཚད་ཁྱོད་ཁོ་ནར་སྟེར་ཆོག

ཨ་ཕ། ང་རང་མྱུར་དུ་ཡུལ་ལ་ལོག་ངེས།

ཉི་ནུབ་འདིའི་སྔ་རོལ་དུ། འུ་གཉིས་གཞིས་ཁྱིམ་གཅིག་ཏུ་འཛོམས་ནས།

སྙིང་གཏམ་གྱི་བདུད་རྩིར་དལ་གྱིས་རོལ་ཞོར།

ཁྱོད་ཀྱི་རལ་པར་འཚངས་པའི་ལོ་ཟླའི་ཐལ་རྡུལ་དག་གཙང་མར་བཀྲུས་ཆོག