འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་དང་ལེན་ནུས་པ་ཆེ་རུ་གཏོང་བ་དང་། དངོས་འཐབ་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང”བྱས་པ་རེད།
ཐེངས་འདིའི་ནང་སྦྱོང་རིང་། ཉེན་ཆེའི་ཟོག་རོ་ཐག་གཅོད་ལྟེ་གནས་ཀྱི་ཉེན་ཆེའི་ཟོག་རོ་གནས་སྐབས་ཉར་ཚགས་མཛོད་ཁང་ཨང་དང་པོའི་གློག་སྐུད་རྙིང་པ་ཆགས་ནས་མེ་ཤོར་ཏེ་བེད་མེད་ཞིང་སྨན་ཕྱིར་ཟགས་པ་དང་གནོད་ལྡན་རླངས་གཟུགས་ཐོན་པས། མང་ཚོགས་ཀྱི་ཚེ་སྲོག་དང་། རྒྱུ་ནོར་གྱི་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་དཔེར་བྱས་པ་རེད། ནང་སྦྱོང་འགོ་ཚུགས་རྗེས་ཁེ་ལས་ཀྱིས་འཕྲལ་མར་ཐོལ་བྱུང་དོན་རྐྱེན་གྱི་བརྡ་ལན་རིམ་པ་གཉིས་པ་དང་ལེན་བྱས་པ་མ་ཟད། ཆུ་ཤུར་རྫོང་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་ལ་སྙན་སེང་ཞུས་པ་དང་། ཆུ་ཤུར་རྫོང་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྙན་ཞུ་འབྱོར་རྗེས་འཕྲལ་མར《ཆུ་ཤུར་རྫོང་གི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་ཕྱོགས་བསྡུས་འཕྲལ་སྡོམ་སྔོན་ཇུས》རིམ་པ་གསུམ་པ་དང་ལེན་ཞུས་ནས། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ལ་སྙན་སེང་ཞུས་པ་དང་འབྲེལ་ཆེད་ལས་རོགས་སྐྱོབ་དཔུང་ཁག་སྒྲིག་འཛུགས་ཀྱིས་ས་གནས་ས་ཐོག་ཏུ་བསྐྱོད་པ་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གྱིས་ལས་འཛོལ་སྙན་ཞུ་འབྱོར་རྗེས་འཕྲལ་མར《ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས》རིམ་པ་བཞི་པ་དང་ལེན་བྱས་ནས། ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་སོགས་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་བསྐྱོད་དེ་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་སྤེལ་བ་རེད།