《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月19日

༄༅། །མ་དྲིན་ཆེན།

སྒལ་པའི་གསང་བ།

མ་རིག་མུན་པ་སེལ་མཛད་སྣང་བྱེད་མ། །

མ་གཅིག་ཟླ་དགུ་ངོ་བཅུའི་གནས་ཚང་མ། །

མ་འཁྱོག་གོམ་ཁའི་དེད་དཔོན་མཁྱེན་ལྡན་མ། །

མ་མ་བཀའ་དྲིན་ཆེ་སོང་འགྲོ་བཟང་མ། །

མ་ལུས་ཕ་ཁྱིམ་དྲོན་མོའི་གཡོས་སྦྱོར་མ། །

མ་ཁྱབ་མེད་པའི་ལས་ཀུན་ལས་མཁན་མ། །

མ་ཡི་བཀའ་དྲིན་མ་དྲན་གནམ་རྒན་མ། །

མ་རུངས་བསམ་པ་བཅོས་དང་གཅེས་ཕྲུག་མ། །

མ་ནོར་བཤེས་གཉེན་བསྟེན་དང་སྲིང་ཆུང་མ། །

མ་དད་ལོག་ལྟ་སེལ་དང་གཅེས་ཕྲུག་མ། །

མ་དུལ་ཉོན་མོངས་ཞི་མཛད་མཛེས་ལྡན་མ། །

མ་ལུས་ཤེས་བྱར་བརྩོན་དང་བློ་བཟང་མ། །

མ་བཅོས་འཛུམ་མདངས་རྒྱས་པའི་སྐྱེ་ཡག་མ། །

ལུས་ཀྱི་རྣམ་འགྱུར་མ་ལོག་གཤིས་བཟང་མ། །

ངག་གི་ཚིག་རྩུབ་མི་བཤད་མགྲིན་བཟང་མ། །

ཡིད་ཀྱི་གཡོ་ཁྲམ་མི་བསམ་ཞི་འཇམ་མ། །

མི་གཞི་ཀུན་སྤྱོད་མཛེས་པའི་ཡིད་འོང་མ། །

རིག་པའི་གནས་ལྔར་བརྩོན་པའི་ཤེས་ལྡན་མ། །

སྲོལ་བཟང་སྲོག་ལྟར་སྐྱོང་བའི་གཞི་འཛིན་མ། །

མ་ཡིག་རིག་གཞུང་སྦྱོངས་དང་བཀྲ་ཤིས་མ། །

མ་བསྐུལ་དང་བས་སྐྱེད་མར་སེམས་གཏད་ནས། །

མ་བཅོས་ལྷག་བསམ་དཀར་པོས་དུས་ཆེན་བསུ། །

མ་ཡེངས་སེམས་པས་སྨོན་འདུན་བཟང་པོ་ཞུ། །

མ་སྲིང་ཆུང་མ་མ་མ་བཀྲ་ཤིས་ཤོག །