ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་འཁྲབ་སྟོན་ཚོགས་པའི་ཞབས་བྲོ་འཁྲབ་མཁན་གྱིས་ཚོན་མདོག་མི་འདྲ་བའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་སོ་ཏི་ཨ་རབ་ཀྱི་ཁུའེ་མ་མུའུ་རྒྱལ་སྤྱིའི་རི་ཁུལ་འཁྲབ་སྟོན་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་ཐོག་འཁྲབ་སྟོན་བྱས་པ་དང་འབྲེལ། སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་ཞབས་བྲོའི་འཁྲབ་སྟོན་ཐེངས་དང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་པར་སོ་ཏི་ཨ་རབ་ཀྱི་དམངས་ཚོགས་དང་རྒྱལ་སྤྱིའི་འཁྲབ་སྟོན་ཚོགས་པའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།
སྐབས་འདིའི་རྒྱལ་སྤྱིའི་རི་ཁུལ་འཁྲབ་སྟོན་སྒྱུ་རྩལ་དུས་ཆེན་ཚེས་20ཉིན་སོ་ཏི་ཨ་རབ་ཀྱི་ལྷོ་ནུབ་རྒྱུད་ཀྱི་ཨ་ཤིར་ས་ཁུལ་དུ་འགོ་ཚུགས་པ་དང་། དེའི་ནང་ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་འཁྲབ་སྟོན་ཚོགས་པ་25དང་སོ་ཏི་ཨ་རབ་ཀྱི་ཡུལ་དེ་གའི་འཁྲབ་སྟོན་ཚོགས་པ་20ཞུགས་ཡོད་པ་རེད།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་དེ་སོ་ཏི་ཨ་རབ་རིག་གནས་པུའི་ཁོངས་གཏོཌ་ཀྱི་ཟློས་གར་དང་འཁྲབ་སྟོན་སྒྱུ་རྩལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། འགྲེམས་འཁྲབ་བྱེད་སྒོ་ཁག་ཨ་ཤིར་ས་ཁུལ་གྱི་ལོ་རྒྱུས་རིག་གནས་གྲོང་ཚོ་དང་གནའ་རྫས་གནའ་ཤུལ་མང་པོར་ཁྱབ་ཡོད། འཁྲབ་སྟོན་ཚོཌ་པས་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ཏེ་ལྟད་མོ་བར་རི་ཁུལ་བརྗོད་དོན་གཙོ་བོར་བྱས་པའི་འཁྲབ་སྟོན་ཐེངས་བརྒྱ་ཙམ་བྱ་རྒྱུ་ཡིན་པ་རེད།
མིག་སྔར། སོ་ཏི་ཨ་རབ་ཀྱི་ཁུའེ་མ་མུའུ་རྒྱལ་སྤྱིའི་རི་ཁུལ་འཁྲབ་སྟོན་སྒྱུ་རྩལ་དུས་ཆེན་དེ་སོ་ཏི་ཨ་རབ་ཀྱི་ཟློས་གར་དང་འཁྲབ་སྟོན་སྒྱུ་རྩལ་ཨུ་ལྷན་གྱིས་ཨ་ཤིར་ས་ཁུལ་དུ་སྒྲིག་འཛུགས་བྱས་པའི་ལོ་འཁོར་གྱི་བྱེད་སྒོ་ཞིག་ཏུ་གྱུར་ཞིང་། དེའི་དམིགས་ཡུལ་ནི་ས་གནས་དེ་གའི་སྡེ་ཁུལ་དང་། ཕྱི་ཁོངས་མི་སྣ། ཡུལ་སྐོར་བ་བཅས་ལ་སོ་ཏི་ཨ་རབ་ཀྱི་རྒྱལ་ནང་དང་གོ་ལ་ཧྲིལ་པོའི་འཁྲབ་སྟོན་སྒྱུ་རྩལ་དང་རིག་གནས་ཤུལ་བཞག་སྣ་ཚོགས་འོས་སྦྱོར་བྱས་ནས་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་རྒྱུ་དང་འབྲེལ། ས་གནས་དེ་གའི་ཤེས་ལྡན་པར་ལས་ཞུགས་ཀྱི་གོ་སྐབས་ཀྱང་གཏོད་རྒྱུ་རེད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)