《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月30日

ནང་འདྲེན་འགྲེམས་ཚོགས་སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅི་ལུང་ཕོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་ཚེས་22ཉིན་མ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོར་འཚོགས་པ་དང་ཀྲུང་མའི་ཁེ་ལས་དང་སྒྲིག་གཞི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

མ་ལེ་ཞི་ཡའི་མ་འཇོག་དང་། ཚོང་དོན། བཟོ་ལས་པུའི་པུའུ་ཀྲང་གཞོན་པ་ལིའུ་ཀྲེན་ཏུང་གིས་འོས་སྦྱོར་ཚོགས་འདུའི་ཐོག་ཤིས་ཚིག་བསྒྲོན་ནས། ནང་འདྲེན་འགྲེམས་ཚོགས་ཀྱིས་མ་ལེ་ཞི་ཡའི་ཁེ་ལས་ལ་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་མཁོ་འདོན་བྱས་པས་ཕྱོགས་གཉིས་པོའི་ཚོང་དོན་ལ་སྐུལ་མ་ཐེབས་པ་དང་ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་ཡོད། མ་ལེ་ཞི་ཡས་ཁྲིམས་སྲོལ་དང་སྲིད་ཇུས་སོགས་འཐུས་སྒོ་ཚང་དུ་བཏང་ནས་མ་ཀྲུང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་དགེ་མཚན་ལྡན་པའི་ཁོར་ཡུག་བཏོད་པ་དང་མ་ལེ་ཞི་ཡའི་རྩེར་སོན་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་དབྱང་ཡུས་ཅིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་མའི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་ཕྱོགས་བཟང་བའི་དུས་བབ་རྒྱུན་འཁྱོངས་ཐུབ་ནས་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་ཐོག་མཐའ་བར་གསུམ་དུ་འཁོར་རྒྱུག་ཡག་པོ་ཐུབ་ཡོད། མ་ལེ་ཞི་ཡའི་རིམ་ཁག་སྲིད་གཞུང་དང་ཁེ་ལས་ཀྱིས་ཀྲུང་མ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ནང་འདྲེན་འགྲེམས་ཚོགས་ནང་ཧུར་ཐག་ཞུགས་པ། ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་དང་ཀྲུང་མའི་གཉིས་ཕན་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་བརྗོད།