《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月30日

ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཧ་ནོ་དབྱིར་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཧ་ནོ་དབྱིར་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་དང་སྲིད་གཞུང་གི་ཙུང་ལི་གཞོན་པ་ཁྲེན་ལིའུ་ཀོང་སོགས་ཝེ་ཐེ་ནམ་གྱི་ཏང་སྲིད་དམག་དང་ས་གནས་ཀྱི་པུའུ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་14དང་། དེ་བཞིན་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་། ཝེ་ཐེ་ནམ་དུ་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མའི་འཐུས་མི་སོགས་མི་400ལྷག་ཙམ་ཞུགས་ཡོད་པ་རེད།

ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་ཝེའི་དབར་རི་ཆུ་འབྲེལ་ཡོད་ལ། འབྲེལ་བ་ཟབ་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། འདོད་བློ་མཐུན་པ་དང་ལས་དབང་གཅིག་མཐུན་གྱི་བློ་མཐུན་དང་རོགས་ཟླ་ཡག་པོ་བཅས་ཡིན་པ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་ཡུན་རིང་དཔུང་པ་མཉམ་གཤིབ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་ལག་གདང་སྦྲེལ་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་རྣམ་པ་ཐུན་མོང་ཐོག་བཏོད་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་འོད་སྟོང་ལྡན་པའི་མདུན་ལམ་ཐུན་མོང་ཐོག་མངོན་པ། མིའི་རིགས་ཀྱི་ཤེས་དཔལ་ལྡན་པའི་རྣམ་པ་གསར་པ་ཐུན་མོང་ཐོག་བཏོད་ཡོད་ཅེས་བརྗོད་པ་རེད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)