འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་19ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་རིག་ཆེ་གེ་མོའི་གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག་དང་རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་གསལ་པོ་མེད་པའི་ཉེས་གསོག་དོགས་ཡོད་གྱོད་གཞིར་ཁྲིམས་བཞིན་ཡོངས་བསྒྲགས་ངང་འདྲི་གཅོད་བྱས་པ་རེད།
གཞུང་གཏུག་ལས་ཁུངས་ཀྱིས་ཞུ་གཏུག་བྱས་དོན། 2018ལོའི་ཟླ་5པ་ནས་2021ལོའི་ཟླ་3པའི་བར། ཞུ་སྦྱོར་ཕྱི་མ་རིག་ཆེ་གེ་མོས་བསམ་གྲུབ་རྩེ་ཆུས་ཀྱི་ཤང་ཞིག་གི་ནོར་དོན་ལས་ཀའི་འགན་ཁུར་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། སྔ་རྗེས་སུ་གཞུང་དངུལ་སྒེར་སྤྱོད་ཐེངས་7བྱས་པ་དང་། གྲངས་འབོར་ཅུང་ཆེ་ཞིང་ཟླ་3ལྷག་ཙམ་སོང་ཡང་ཕྱིར་བསློགས་མེད། རིམ་རྩིས་བརྒྱབ་ན་དངུལ་འབོར་སྒོར་116701.55ཟིན་ཡོད། གཞན་ཡང་། 2015ལོའི་ཟླ་12པ་ནས་2019ལོའི་ཟླ་6པའི་བར། ཞུ་སྦྱོར་ཕྱི་མ་རིག་ཆེ་གེ་མོས་བསམ་གྲུབ་རྩེའི་ཤང་ཞིག་ཏུ་ལས་ཀ་བྱེད་རིང་ཁོ་པའི་རྒྱུ་ནོར་དང་གཏོང་སྒོ་ཁྲིམས་མཐུན་གྱི་ཡོང་འབབ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། བོད་ལྗོངས་ཧོ་ཀྲེ་པོ་རྩིས་གཉེར་དོན་གཅོད་ཁང་ཚད་ཡོད་ཀུང་སིས་ཞིབ་རྩིས་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་རིག་ཆེ་གེ་མོས་བེད་སྤྱོད་བྱེད་པའི་མཇུག་མཐའི་ཨང་གྲངས་6576དང་7270ཡིན་པའི་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གཱ་ཡི་ནང་རྒྱུན་གཏན་གྱི་གླ་ཕོགས་དང་ཁ་གསབ་ཡོང་སྒོ་བསྡོམས་སྒོར་377948.73ཡོད་པ་དང་། གཏོང་སྒོ་དངོས་སྒོར་1472298.1ཟིན་ནས་གཏོང་སྒོ་དང་ཡོང་སྒོའི་བར་ཧེ་བག་དངུལ་གྲངས་སྒོར་1094349.37འགྲོ་གི་ཡོད། དེའི་ནང་ནས་རྒྱུ་ནོར་སྒོར་843509.34ཁོ་པའི་ཁྲིམས་མཐུན་གྱི་ཡོང་འབབ་ལས་མངོན་གསལ་དོད་པོས་བརྒལ་ཡོད་ཅིང་། ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཁྲིམས་མཐུན་གྱི་ཡོང་ཁུངས་ཀྱང་གསལ་བཤད་བྱེད་ཐུབ་ཀྱི་མེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་གྱ་བཞི་དང་དོན་ཚན་སུམ་བརྒྱ་གོ་ལྔ་པའི་གཏན་འབེབས་ལྟར་ན། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་རིག་ཆེ་མོའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
ཁྲིམས་རར་འདྲི་གཅོད་བྱེད་སྐབས་སྒམ་བརླིང་ལྡན་པ་དང་ཁྲིམས་སའི་འདྲི་གཅོད་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད། མཉམ་གྲོས་ཁྲིམས་སས་ཁྲིམས་རའི་བརྟག་དཔྱད་དང་། དཔང་རྟགས་ངོ་ཐུག་ར་སྤྲོད། ཁྲིམས་སའི་རྩོད་བཤེར་སོགས་ཀྱི་གོ་རིམ་བརྒྱུད་ཞུ་འབོད་དང་དག་འབུད་ཕྱོགས་གཉིས་པོས་འབྲེལ་ཡོད་ཉེས་གསོག་དོན་དངོས་དང་བྱས་ཉེས་ཚད་འབེབས་སོགས་ལ་དམིགས་ཏེ། ངོ་ཐུག་ར་སྤྲོད་དང་རྩོད་བཤེར་བྱས་ནས་ཞུ་འབོད་དང་དག་འབུད་ཕྱོགས་གཉིས་པོའི་བསམ་འཆར་ཡག་པོ་ཉན་ཏེ་གཏུག་བཤེར་ལ་ཞུགས་མཁན་གྱི་དབང་ཆ་ཁག་ལ་ཁྲིམས་ལྟར་འགན་སྲུང་བྱས་པ་རེད། ཞུ་སྦྱོར་ཕྱི་མ་རིག་ཆེ་གེ་མོས་རང་གིས་བསགས་པའི་བྱས་ཉེས་རྣམས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་འབྲེལ་ཁྲིམས་སར་རང་ཉེས་ངོས་ལེན་དང་འགྱོད་བཤགས་ཀྱང་བྱས་པ་རེད། གྱོད་དོན་འདིར་མཉམ་གྲོས་ཁྲིམས་སས་དཔྱད་མོལ་བྱས་རྗེས། དུས་ཚོད་བདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱེད་རྒྱུ་རེད།
ཉེན་བརྡ་གཏོང་བའི་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་ཆེད། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན། ཤང་10དང་གཞུང་ལས་ཁང་4སོགས་ཀྱི་ཚན་པའི་ལས་བྱེད་པ་དང་ལས་བཟོ་དང་ནོར་དོན་མི་སྣ་གདན་ཞུ་བྱས་ཤིང་། ཁྱོན་མི་40ལྷག་ཙམ་གྱིས་གྱོད་གཞིའི་འདྲི་གཅོད་ཟུར་ཉན་བྱས་ནས་ཁྲིམས་ར་འཚོག་ཡུལ་ཉེན་བརྡའི་སློབ་གསོའི་སློབ་ཁང་དུ་བསྒྱུར་ཏེ་ཐག་ཉེ་ས་ནས་ཉེན་བརྡའི་སློབ་གསོ་བཏང་བ་རེད། (བསོད་ནམས་དཔའ་མོས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)