སེམས་བྱུང་གཞི་གཅིག་འཛུམ་པའི་སྤྲིན་ནག་ནས། །
སྲེད་པའི་སྦྲང་ཆར་ཟ་མ་ཟིམ་ཞིག་འཐོར། །
དྲན་གདུང་ཉི་མའི་འོད་དང་འདྲེས་ཙ་ན། །
གཟུགས་བྱད་འཇའ་ཚོན་རེ་རེ་ཡིད་དུ་འཆར། །
ལོ་ཟླའི་རི་ལུང་བརྒལ་ནས་འོང་པ་ཡི། །
གཞོན་མའི་འདབ་ལག་གྲོལ་བའི་ན་ཟླ་ཚོས། །
སྐྲ་ཡི་ལན་བུ་རེ་རེའི་སྣེ་མོ་ནས། །
ལང་ཚོའི་མཆོར་སྒེག་སྨིན་ཞེས་འབོད་པ་འདྲ། །
བུ་མོའི་མཛའ་བརྩེ་མཚོན་པའི་དྲོད་རླུང་དེ། །
ན་ཟླའི་མཛའ་གཞས་སློང་བའི་ཁ་རླངས་ཡིན། །
དཔེར་ན་དྲི་བཞོན་ཤར་མར་རྒྱུ་བས་ན། །
ལྕང་མས་ལག་གཡུག་ཡོམ་ཡོམ་བྱེད་པ་ལྟར། །
ཞལ་ངོ་པདྨའི་ལང་ཚོ་ལྷན་སྐྱེས་མཆོར། །
སྐུ་ལུས་གོས་ཆེན་འབྲུག་མའི་རྒྱན་གྱིས་སྤུད། །
བྱུ་རུའི་མགུལ་རྒྱན་ཅན་པོའི་གཞོན་སྐྱེས་མ། །
ཡང་ཡང་འཛུམ་དང་ཟླ་བའི་ལྷ་མོར་འཁུ། །
བུ་མོའི་ཟུར་མིག་སྦྲང་ཆར་ཐིགས་པ་ཡིན། །
གཞོན་ནུའི་སྙིང་གི་འགྲམ་པར་སྨེ་བ་འགོད། །
དཔེར་ན་རབ་མཛེས་ཕྱེ་ལེབ་འཕུར་བ་ན། །
བྱིས་པས་ཁྲོལ་མ་འཁྱེར་ནས་འཛིན་འདོད་ལྟར། །
བུ་མོ་ཟླ་འོད་ཡིན་པ་དྭངས་ཤིང་གསལ། །
འདང་བརྩེ་རླུང་བུ་ཡིན་པ་བསིལ་ཞིང་འཇམ། །
ཇི་ལྟར་བཙལ་ཡང་གཏན་ནས་མ་རྙེད་པ། །
ནགས་ཀྱི་ཀློང་དུ་ཡལ་བའི་རི་དྭགས་འདྲ། །
བུ་མོའི་ལས་དབང་ཉི་ཟླའི་འཁོར་ཕྱོགས་ཡིན། །
སྣང་མུན་མཚམས་ན་གྲིབ་མའི་འཚང་ག་ཡོད། །
དཔེར་ན་དང་ཐོག་མཐོང་བའི་སྐད་ཅིག་མར། །
ཧ་ཅང་ཆ་རྒྱུས་ཡོད་པའི་ཚོར་སྣང་འབྱིན། །
བུ་མོའི་སྙིང་གཏམ་ཚོན་ཁྲའི་སྤུ་སྨྱུག་ཡིན། །
ཡིད་ཀྱི་གྱང་རས་ངོས་ལ་མཛེས་རིས་འགོད། །
མཉམ་དུ་གཤིབ་པའི་དུས་ཡུན་ཐུང་ན་ཡང་། །
བག་ཆགས་རི་མོའི་གཏམ་དག་ཡིད་ཁར་ལྡིང་། །
གང་ཞིག་ར་ཡིག་གཉིས་པའི་ཁྱུ་ཚོགས་ལ། །
དགྱེས་འཛོམས་ཞིམ་པོའི་སྐྱེམས་ཆང་རབ་ཕུལ་བའི། །
ལང་ཚོའི་འདབ་མ་གྲོལ་བའི་དགའ་མ་ཁྱོད། །
འདང་བརྩེའི་དྲི་ངད་ཡོད་ན་ད་ཚུར་ཕེབས། །