《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月23日

ཕྱི་འབྲེལ་པུས་བརྗོད་དོན།

ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མུ་མཐུད་དྲང་ནུས་སྦྱིན་རྒྱུ་རེད།

ཉིན་ཤས་གོང་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ལ་མུ་མཐུད་གྱུར་ནས་གཏན་འཁེལ་མེད་པའི་རང་བཞིན་མང་པོ་ཡོད་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་སྦྱིན་རྒྱུ་རེད་ཅེས་བརྗོད་པ་རེད།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། འདས་མ་ཐག་པའི་2023ལོར་འཛམ་གླིང་དཔལ་འབྱོར་གྱིས་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་ནས་དལ་པོའི་ངང་སླར་གསོ་བྱུང་ཞིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་བཏོན་ཡོད། 2024ལོར་ཀྲུང་གོའི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་བར་ཀྲུང་གོ་ཕྱོགས་ཀྱིས་རེ་སྒུག་གང་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས།

དབང་ཝུན་པིན་གྱིས། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་དཔལ་འབྱོར་གྱིས་ཕྱི་རོལ་གྱི་གནོན་ཤུགས་ཁྱད་བསད་དང་རྒྱུན་མཐུད་ངང་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་གཞིས་སྔོན་དཔག་བྱས་པར་གཞིགས་ན། 2023ལོར་ཀྲུང་གོའི་དཔལ་འབྱོར་ལོ་ཧྲིལ་པོར་5.2%ཙམ་འཕར་བ་དང་འཕར་ཚད་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ནས་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་དེ་རེད། ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་ཐད“ལོ་ཉི་ཤུ་བསྟུད་མར་ལོ་ལེགས”བྱུང་བ་དང་སྤྱིའི་ཐོན་འབབ་ལོ་9བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། སྨྱར་སྦྱོར་གྱིས་ཀྲུང་གོའི་2023ལོའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་རི་པིན་ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་ཐོག་མར་སླེབས་ངེས་པའི་སྔོན་དཔག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།