འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་སྒྲུབ་ཚན་ཁག་གིས་མི་23བཏང་སྟེ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོ་དང་རྫོང་རྒྱབ་ཀླུ་ཁང་གི་རླངས་འཁོར་འཇོག་ས་སོགས་ལ་གཙོ་གནད་སྐོར་ཞིབ་བྱས་པ་དང་། ཁ་ཏ་བསླབ་བྱ་བྱ་རྒྱུ་གཙོ་བོར་བཟུང་སྟེ་རྗེས་འདེད་བསྐོར་ཚོང་བ་18གཙང་བཟོ་དང་། མི་40ལྷག་ཙམ་བཏང་ནས་ལམ་བཟུང་གཉེར་སྐྱོང་གི་གནད་དོན་43དང་གང་བྱུང་དུ་སྤུངས་པའི་གནད་དོན་20བཅོས་སྒྲིག་བྱས་པ། མི་200ལྷག་ཙམ་བཏང་ནས་ཁྲོམ་ཚོང་པ་252བཅོས་སྒྲིག་བྱས་པ། མི་30ལྷག་ཙམ་བཏང་ནས་ཚ་ལ་རྒྱག་མཁན་13དང་ཁྱིམ་ཆས་རྙིང་པའི་ཁྲོམ་ར་16བཅོས་སྒྲིག་བྱས་པ་རེད།
བཅོས་སྒྲིག་བྱེད་རིང་། ཁྲོམ་ར་བཅོས་སྒྲིག་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཆེད་སྒྲུབ་ཚན་ཁག་གིས་ཁོངས་གཏོགས་ཀྱི་ཤིང་ཆ་ལས་སྣོན་ཁྲོམ་རར་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་བྱས་ནས། སྒྲིག་འགལ་གྱི་ཨར་སྐྲུན་བཤིག་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུའི་ཁྲོམ་རར་ཞིབ་བཤེར་བྱེད་སྐབས་ཚོང་པར་ཁྲོམ་རའི་ནང་ཁུལ་གྱི་འཕྲོད་བསྟེན་ཁོར་ཡུག་དང་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་སྒྲུབ་ཚན་པས་མི་ཐེངས་858བཏང་སྟེ་འགྲིམ་འགྲུལ་ཟང་ཟིང་གི་སྣང་ཚུལ་གཙང་བཤེར་བཅོས་སྒྲིག་བྱས་ཤིང་། བསྡོམས་རྩིས་བརྒྱབ་པ་བརྒྱུད། སྡེ་ཚན་ཁག་གིས་ཁྲིམས་འགལ་ངང་རླངས་འཁོར་གང་བྱུང་དུ་འཇོག་པར་དངུལ་ཆད་ཤོག་བྱང་7སྤྲད་པ་དང་། ས་གནས་ཁག་དང་ས་ཚིགས་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་འགྲིམ་འགྲུལ་སྲུང་སྐྱོང་བྱེད་ཐེངས་1050ཟིན་པ་དང་། རླངས་འཁོར་ཐེངས་1846གཙང་བཤེར་དང་བཅོས་སྒྲིག་བྱས་ཡོད།
ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་སྒྲུབ་ཚན་ཁག་གིས་ཞིབ་བཤེར་དང་དོ་དམ་ཁྱབ་ཁོངས་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་གློག་སྒྲོན་དང་། སྤྱི་པའི་གསང་སྤྱོད་ཀྱི་མཚན་མོའི་གློག་སྒྲོན་བྱང་བུ། གློག་སྐུད་བདེ་འཇགས་བཅས་ལ་ཞིབ་བཤེར་བྱེད་སྐབས་སྤྱི་པའི་གསང་སྤྱོད་གཅིག་ལ་གློག་སྒྲོན་དང་། སྒེའུ་ཁུང་། ནང་ཁུལ་གྱི་བསད་སྤར། ཆུ་སྒོ་སོགས་ཀྱི་སྒྲིག་ཆས་ལ་སྐྱོན་ཤོར་ཡོད་པ་ཤེས་རྟོགས་ཐུབ་ཅིང་། མིག་སྔར་མྱུར་བཟོ་ཁང་དང་འབྲེལ་བ་བྱས་ནས་དེ་དག་བཟོས་ཟིན་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་སྒྲུབ་ཚན་ཁག་གིས་མི་69སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་སྲིད་གཞུང་གི་སྤང་ལྗོངས་དང་། འོ་བརྒྱལ་ཐང་གི་ན་ཁ་སོགས་ཀྱི་སྤྱི་གླིང་དང་ན་ཁ་34ལ་རྒྱུན་གཏན་གྱི་བདག་སྐྱོང་དང་། གད་སྙིགས་གཙང་བཟོ། ས་ཁོངས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྲུང་སྐྱོང་། ས་ཁོངས་སུ་དགུན་ཆུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་རེད། མིག་སྔར་སྤྱི་གླིང་ཁག་ཏུ་དགུན་ཆུ་གཏོང་བའི་ལས་དོན་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད།
བདེ་འཇགས་ཐོན་སྐྱེད་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་སྒྲུབ་ཚན་ཁག་ནི་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཚའེ་ཝུའེ་ཆིས་སྣེ་ཁྲིད་པ་ཞིག་ཡིན་པ་དང་དེས་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་། ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས། གཏོགས་ཁོངས་ཁྲོམ་གཞུང་སོགས་དང་མཉམ་དུ་རྔ་ཆེན་གྱི་རྫས་འགྱུར་བཟོ་གྲྭ་རྙིང་པར་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་ཡོད།
(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་བསྒྱུར་ནས་ཞུས)