《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月23日

2023ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་108ཟིན་པ།

སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 2023ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་108ཟིན་པ་དང་། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་291.9དོན་འཁྱོལ་བྱས་པ། འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་གཉིས་ཀ་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་ལས་ཚད་བརྒལ་ངང་ལེགས་སྒྲུབ་ཟིན་ནས་འབྲུ་རིགས་ཐོན་འབབ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་འགན་སྲུང་བྱ་རྒྱུ་ནི་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དོན་ཆེན་ཨང་དང་པོ་ཡིན། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱིས་ཟས་རིགས་ཆེན་པོའི་ལྟ་བ་ལག་བསྟར་ནན་ཏན་བྱེད་པ་དང་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྨོ་ཞིང་ལ་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ་བཞག་པ་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་67.4མུ་མཐུད་འཛུགས་སྐྲུན་དང་གསར་སྐྲུན་བྱས་པ། ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱས་པ། ས་རྒོད་མུའུ་ཁྲི་2.39བསྐྱར་སྦོལ་བྱས་པ། ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་15.3བསྐྲུན་པ། ནས་ཀྱི་སོན་བཟང་ཁེབས་ཚད་93%ཟིན་པ། འབྲུ་རིགས་ལོ་ཏོག་གཙོ་བོའི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

ལིན་མུའུ་ཡིས། 2024ལོར་རང་ལྗོངས་ཀྱིས་ཞིང་འབྲོག་པའི་འབབ་འཕར་གྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་འབྲུ་རིགས་བདེ་འཇགས་དང་། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་གཉིས་བརྟན་པོར་བསྲུངས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་འགན་གསུམ་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། ཚན་རྩལ་གྱི་འདེགས་སྐྱོར། ཞིང་འབྲོག་ཁུལ་སྒྱུར་བཅོས། དཔྱད་ཞིབ་དཔྱད་དཔོག མ་དངུལ་གཏོང་བ་བཅས་འགན་ལེན་བྱ་ཐབས་ཁག་ལྔ་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་མགྱོགས་པོ་བྱེད་རྒྱུ་རེད་ཅེས་བརྗོད།