《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月16日

༄༅། །དགའ་མི་དགའ།

བསོད་ནམས།

ཀ་སོགས་སྡེབ་སྦྱོར་སྙན་ངག་རྩོམ་མཁས་པ། །

ཁ་བཤད་དོན་སྨིན་འབྲས་བཟང་ལེན་ཐུབ་མཁན། །

ག་སར་མཁོ་བ་ནོར་བུའི་མཚན་ཉིད་ཅན། །

ང་རང་དགའ་ས་སྐྱེ་བོ་དེ་ཚོའི་གྲས། །

ཅ་ནེ་འཛུགས་ས་ལེགས་ཙམ་རག་མ་ཐག །

ཆ་རྐྱེན་ཚང་བྱེད་རིག་གནས་སྦྱངས་པ་དག །

ཇ་ཆང་ལོངས་སྤྱོད་ཁྲོད་དུ་བསྐྱུར་བ་ཡི། །

ཉ་མོ་སྲོག་བྲལ་འདྲ་བར་བདག་མི་དགའ། །

ཏ་ལེར་གསལ་བའི་ཤེས་བྱར་མཐོང་ཆེན་པོས། །

ཐ་སྙད་མ་ལུས་ཁོང་དུ་ཆུད་ཐབས་ཀྱིས། །

ད་ལྟ་བལྟས་ཀྱང་མི་ངོམས་སླར་བལྟ་བའི། །

ན་གཞོན་ཕོ་མོ་ཁོ་བོའི་དགའ་ས་ཉིད། །

པ་ཕའི་མཚན་སྙན་རང་ལ་འདོད་བཞིན་དུ། །

ཕ་མེས་བཟང་པོའི་རིག་གནས་དྭངས་གཙང་ཆབ། །

བ་ཚྭའི་མཚོ་ཆུར་བརྩི་བའི་བླུན་རྨོངས་དག །

མ་རྩ་གཏོར་མཁན་ཁོ་བོའི་མི་དགའ་ས། །

ཙ་ན་ཀ་ལྟར་བློ་ནུས་ཤུགས་སྒྲིམ་གྱིས། །

ཚ་ཁ་མ་འཆོལ་ཚད་མའི་སྤུ་གྲི་རྣོ། །

ཛ་ལང་སྤྱོད་ཡན་མ་རུངས་ལོག་རྟོག་ཅན། །

ཝ་སྐྱེས་སྡར་མར་བསྣུན་པར་ཁོ་བོ་དགའ། །

ཞ་ཉེ་མཉེན་པོ་གར་འཐེན་གུག་པ་ལྟར། །

ཟ་འཐུང་ཅི་ཞིག་ཐོབ་འཕྲལ་དེ་ཕྱོགས་སུ། །

འ་ཡོ་ཤ་ཡི་རྗེས་སུ་བསྙེགས་འདྲ་བ། །

ཡ་ཡོའི་བློ་དམན་ཁོ་བོའི་མི་དགའ་ས། །

ར་གན་གསེར་དུ་འཁྲུལ་མཁན་མ་ཡིན་པར། །

ལ་ཤན་འབྱེད་པར་རྣམ་དཔྱོད་ཆེས་ཡངས་ཤིང་། །

ཤ་ཁྲག་རུས་ལས་གྲུབ་པའི་ལུས་པོ་འདིས། །

ས་སྟེང་བྱ་བཟང་སྒྲུབ་མཁན་བདག་དགའ་ས། །

ཧ་མ་གོ་ལ་གོ་མདོག་གྲུང་མདོག་དང་། །

ཧ་བེ་ཧོ་བེའི་འཇོན་ཐང་རྫུན་མ་ཡིས། །

ཨ་ཁ་ཟེར་དགོས་རང་གིས་བཟོས་པའི་མཐར། །

ཨ་མ་འབོད་མཁན་ཁོ་བོ་མི་དགའ་ས། །

བརྗོད་དོན་སྒོ་འབྱེད་གསལ་བྱེད་སུམ་ཅུའི་ཀ །

ཀ་ཡིས་སྣེ་ཁྲིད་ནང་དོན་སྙན་པའི་ཁ། །

ཁ་གཏིང་རྙོག་བྲལ་དྲང་གཏམ་ཆུ་གངྒ། །

ག་བྱས་ལྟ་ཙམ་བགྱིས་ཀྱང་བླང་དོར་རྙེད། །