འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། 2023ལོ་འཁོར་གྱི་ཁྲིམས་སྐྱོང་མི་སྣ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱ་ཁྲིམས་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་བཅས་ཡིན་པའི་ཧོའུ་ཡུན་ཧའོ་ཡིས་གདན་ཞུས་ལྟར་ལྷ་སར“དུས་རབས་གསར་པའི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་སྲུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”པའི་ཆེད་དོན་འཆད་ཁྲིད་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་དྲ་འཕྲིན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལྗོངས་ནང་ཁུལ་གྱི་གཙོ་གནད་སྨྱན་སྦྱོར་གསར་པའི་འགན་འཁུར་བ་སོགས་མི་200ཙམ་འཆད་ཁྲིད་ལ་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཆད་ཁྲིད་ནི“བོད་ཀྱི་དྲ་འཕྲིན་སློབ་ཁང”གི་འཆད་ཁྲིད་བྱེད་ཐེངས་35པ་ཡིན་ཞིང་། ཧོའུ་ཡུན་ཧའོ་ཡིས“དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གྱི་གཙོ་གནད་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ”དང་། “དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ལ་འཕྲད་པའི་ཁོར་ཡུག་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་ཡང་དག”“དྲ་རྒྱའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཐབས་ལམ་གསར་པ་དང་རྣམ་པ་གསར་པ”སོགས་ལ་དམིགས་ཏེ། རྒྱལ་ཕྱི་རྒྱལ་ནང་གི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་ཕུལ་བྱུང་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་ཉམས་མྱོང་དང་བྱེད་སྟངས་སློབ་ཁྲིད་བྱས་པ་དང་། མིག་སྔར་ཁོང་དུ་ཆུད་དགོས་པའི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་དང་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གྱི་ཁོར་ཡུག་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་གཅོག་པའི་བྱེད་ཐབས་གལ་ཆེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། རང་ལྗོངས་ཀྱི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤུས་ཚད་མཐོ་པོ་ཡོང་བ་དང་ཕན་འབྲས་ཆེན་པོ་ཐོན་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་ཁྲིམས་སྒྱུར་ལྟ་བཤེར་ཁྲུའུ(དྲ་རྒྱ་ཕྱོགས་བསྡུས་བཅོས་སྒྲིག་ཁྲུའུ)ཡི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་མཱ་ཀྲུའུ་ལིན་གྱིས“ད་ཐེངས་ཀྱི་འཆད་ཁྲིད་ལ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་གཏིང་ཚད་ཡོད་པས། ངས་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་སྲུང་ལས་དོན་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་བྱུང་ལ་ང་ཚོས་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་ཡང་བྱས་བྱུང་། སླད་ཕྱིན་ང་ཚོས་མུ་མཐུད་སུས་ཁྲིམས་འཛུགས་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་། སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། སུས་དོ་དམ་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། སུས་ཞབས་འདེགས་ཞུས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་བཅས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁུར་ལམ་ལུགས་ཀྱི་རྩ་དོན་ལ་གཞིགས་ནས་དུས་གཅིག་ཏུ་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་གྱི་ཡིན”ཞེས་བཤད་པ་རེད། (སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)