《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月16日

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལྷ་ས་རུ་ཆེན་གྱིས།

བཅའ་སྡོད་བྱ་ཡུལ་གྱི་སྡེ་ཁུལ་དུ་བསྐྱོད་ནས་མང་ཚོགས་ཀྱི་དཀའ་ངལ་བསལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ཏང་ཡོན་དང་གུང་གཞོན་ཚོགས་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་དུ་བསྐྱོད་ནས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”པའི་དང་བླངས་བྱེད་སྒོ་སྤེལ་ཞིང་། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ཧུར་ཐག་བསྒྲུབས་པ་རེད།

གླང་རུ་སྡེ་ཁུལ་གྱི་ཁྲོམ་གཞུང་གཡས་གཡོན་དུ་དང་བླངས་པས་ཁོར་ཡུག་གཙང་སྦྲ་བ་དང་མཉམ་དུ་ཁྲོམ་གཞུང་གི་གད་སྙིགས་གཙང་སེལ་བྱས་པ་དང་། རུ་ཆེན་གྱི་མེ་ཟོན་པས་རང་ཉིད་ཀྱི་ཁྱད་ཆོས་གང་ལེགས་བཏོན་ནས་སྡེ་ཁུལ་མང་ཚོགས་ལ་སྐྲ་བཞར་བ་དང་། མི་ཧྲེང་རྒན་རྒོན་ལ་འཚམས་འདྲི། མང་ཚོགས་ཀྱི་ཁང་པར་གད་རྒྱག་པ་བཅས་བྱས་པ་རེད། དུས་མཚུངས་སུ་བཀོད་འཐབ་པ་ཚོས་ད་དུང་སྐོར་སྐྱོད་དྲིལ་བསྒྲགས་དང་གནས་གཏན་འཁེལ་གྱི་དྲིལ་བསྒྲགས་ཟུང་འབྲེལ་གྱི་བྱེད་ཐབས་བབ་བསྟུན་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་ཚོང་ཁང་གི་འགན་འཁུར་བ་དང་ཚོང་ཟོག་ཉོ་མཁན་ལ་མེ་ཟོན་གྱི་མི་མངོན་པའི་རྐྱེན་ངན་འགྲེལ་བཤད་བརྒྱབ་པ་རེད། གཞན་ད་དུང་ཁོ་ཚོར་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་འབྲེལ་མེ་ཟོན་དང་མེ་སྐྱོན་ལས་ཐར་ཐབས་བྱེད་པ་སོགས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

བྱེད་སྒོ་མཇུག་འགྲིལ་རྗེས། གླང་རུ་སྡེ་ཁུལ་གྱི་མང་ཚོགས་ཚོས། ད་རེས་ལྷ་ས་གྲོང་ཁྱེར་གྱི་ནགས་ཚལ་མེ་ཟོན་རུ་ཆེན་གྱི་བྱེད་སྒོ་སྤེལ་བ་ཧ་ཅང་ཡག་པོ་འདུག ང་ཚོའི་འཚོ་བར་དངོས་གནས་རོགས་རམ་བྱས་བྱུང་། མེ་ཟོན་དྲིལ་བསྒྲགས་བྱས་པ་ལས་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེའི་ཐད་སྔར་བས་ངོས་འཛིན་དང་ཤེས་རྟོགས་ཐུབ་བྱུང་། མེ་ཟོན་པ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།