50
ཁྲིམས་མི་ཁ་ཐོར་གཏོང་བའི་རྒྱུ་མཚན་གང་དང་གང་ཡོད།
(1)ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་སོར་གནས་ཡུན་ཚད་ལོངས་པའམ་ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་ཁ་ཐོར་གཏོང་དགོས་པའི་གནས་ཚུལ་གཞན་དག་ཐོན་པ།
(2)ཁྲིམས་མིའི་དབང་འཛིན་སྒྲིག་གཞིས་ཁ་ཐོར་གཏོང་དགོས་པའི་ཆོད་དོན་བཞག་པ།
(3)ཁྲིམས་མི་ཟླ་སྒྲིལ་བཏང་བའམ་ཁག་ཁག་བཙུགས་པའི་རྐྱེན་གྱིས་ཁ་ཐོར་གཏོང་དགོས་པ།
(4)ཁྲིམས་མིའི་ལས་གཉེར་ལག་ཁྱེར་དང་ཐོ་འགོད་ལག་ཁྱེར་ཁྲིམས་ལྟར་ཕྱིར་བསྡུ་བྱས་པ་དང་། བཀའ་བཀོད་བཏང་ནས་སྒོ་རྒྱག་ཏུ་བཅུག་པའམ་ཕྱིར་འཐེན་བྱས་པ།
(5)བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་གཞན་དག་བཅས་ཡིན།
51
ཅི་ཞིག་ལ་ཡན་ལག་སྒྲིག་གཞི་ཟེར། ཡན་ལག་སྒྲིག་གཞི་ཡིས་དམངས་དོན་འགན་འཁྲི་ཇི་ལྟར་འཁུར་དགོས།
ཡན་ལག་སྒྲིག་གཞི་ཞེས་པ་ནི་ཁྲིམས་མིས་མ་རྩ་བཞག་ནས་བཙུགས་ཤིང་གཏན་འཇགས་ཀྱི་གཉེར་སྐྱོང་བྱེད་ས་ཡོད་པ་དང་ཞིབ་བཤེར་ཆོག་མཆན་བརྒྱུད་ཐོ་འགོད་བྱས་པའི་གཉེར་སྐྱོང་ཁྱབ་ཁོངས་སུ་རང་ཉིད་ཀྱི་མིང་ཐོག་ནས་ཕྱི་རུ་གཉེར་སྐྱོང་ལས་སྒོ་སྤེལ་བ་དང་། ཁྲིམས་མིའི་ཐོབ་ཐང་མེད་ཅིང་དམངས་དོན་འགན་འཁྲི་དེ་ཉིད་ཁོངས་གཏོགས་ཀྱི་ཁྲིམས་མིས་འཁུར་དགོས་པའི་དཔལ་འབྱོར་རྩ་འཛུགས་ལ་ཟེར།
ཡན་ལག་སྒྲིག་གཞིས་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་བ་དང་དེ་ལས་བྱུང་བའི་དམངས་དོན་འགན་འཁྲི་ནི་ཁྲིམས་མིས་འཁུར་དགོས་ཤིང་། སྔོན་ལ་ཡན་ལག་སྒྲིག་གཞིས་བདག་གཉེར་བྱེད་པའི་རྒྱུ་ནོར་གྱིས་ཁུར་ནའང་ཆོག་ལ། འཁུར་ནུས་མི་འཛོམས་ཚེ། ཁྲིམས་མིས་འཁུར་དགོས།
52
ཁྲིམས་མིའི་ཡན་ལག་སྒྲིག་གཞི་ལ་ཁྱད་ཆོས་གང་དག་ལྡན་ཡོད།
ཡན་ལག་སྒྲིག་གཞིའི་ཁྱད་ཆོས་གཙོ་བོ་གཤམ་གསལ་གྱི་ཕྱོགས་བཞི་ལས་མཚོན་ཡོད་དེ།
(1)ཡན་ལག་སྒྲིག་གཞི་ལ་ཁྲིམས་མིའི་ཐོབ་ཐང་མེད་པའི་དབང་གིས་རང་ཚུགས་ཀྱིས་ཁེ་དབང་སྤྱོད་མི་ཆོག་ལ་འགན་འཁྲི་ཡང་ཁུར་མི་ཆོག ཡན་ལག་སྒྲིག་གཞིའི་བྱ་སྤྱོད་ཀྱི་མཇུག་འབྲས་ཚང་མ་ཁོངས་གཏོགས་ཀྱི་ཁྲིམས་མིས་འཁུར་དགོས།
(2)ཡན་ལག་སྒྲིག་གཞི་ལ་རང་ཚུགས་ཀྱི་མིང་དང་སྒྲིག་ཡིག་མེད་པ་དང་། ཕྱི་རུ་གཉེར་སྐྱོང་བྱེད་སྒོ་སྤེལ་བར་ཁྲིམས་མིའི་མིང་ཐོག་ནས་སྤེལ་དགོས་ཤིང་ཁྲིམས་མིའི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་དགོས།
(3)ཡན་ལག་སྒྲིག་གཞི་ལ་མི་དོན་དང་གཉེར་སྐྱོང་ཐད་རང་བདག་ཁེ་དབང་མེད་པ་དང་དེ་ཉིད་ཀྱི་ལས་གཉེར་བྱེད་སྒོ་གཙོ་བོ་དང་དོ་དམ་མི་སྣ་གཙོ་བོ་ནི་ཁྲིམས་མིས་གཏན་འཁེལ་དང་བསྐོ་གཞག་བྱེད་དགོས་པ་དང་། ཁྲིམས་མིའི་མངག་བཅོལ་དང་དབང་བཅོལ་ལྟར་ལས་གཉེར་བྱེད་སྒོ་སྤེལ་དགོས།
(4)ཡན་ལག་སྒྲིག་གཞི་ལ་རང་ཚུགས་ཀྱི་རྒྱུ་ནོར་མེད། དེའི་རྒྱུ་ནོར་ཚང་མ་ཁྲིམས་མིར་དབང་བ་དང་། ཁྲིམས་མིའི་རྒྱུ་ནོར་བྱས་ནས་དེ་ཉིད་ཀྱི་རྒྱུ་ནོར་བུ་ལོན་རེའུ་མིག་ཏུ་འགོད་དགོས།
གོང་གི་དམིགས་བསལ་ཁྱད་ཆོས་ལས་ཤེས་པ་ཞིག་ནི། ཡན་ལག་སྒྲིག་གཞི་ལ་ཁྲིམས་མིའི་ཐོབ་ཐང་མེད་པ་དང་དེའི་དམངས་དོན་འགན་འཁྲི་ཁྲིམས་མིས་འཁུར་དགོས། ཡན་ལག་སྒྲིག་གཞི་འཛུགས་པར་ཡན་ལག་སྒྲིག་གཞི་ཡོད་སའི་ཐོ་འགོད་སྡེ་ཚན་དུ་ཐོ་འགོད་བྱེད་དགོས་པ་དང་། ཡན་ལག་སྒྲིག་གཞིས་ཐོ་འགོད་བྱས་ཚར་རྗེས་ཡན་ལག་སྒྲིག་གཞིའི་ལས་གཉེར་ལག་ཁྱེར་ལེན་དགོས།
53
རང་རྒྱལ་གྱི་ཁྲིམས་མིར་རིཌ་གང་དག་ཡོད།
《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་ལྟར་ན། རང་རྒྱལ་གྱི་ཁྲིམས་མིར་ཁེ་གཉེར་ཁྲིམས་མི་དང་ཁེ་གཉེར་མིན་པའི་ཁྲིམས་མི། དམིཌ་བསལ་ཁྲིམས་མི་བཅས་རིགས་གསུམ་ཡོད།
ཁེ་གཉེར་ཁྲིམས་མི་ཞེས་པ་ནི་ཁེ་སྤོགས་རག་རྒྱུ་དང་ཁེ་སྤོགས་དེ་རྐང་བདག་སོགས་མ་རྩ་གཏོང་མི་ལ་བགོ་བཤའ་རྒྱག་རྒྱུ་དམིགས་ཡུལ་དུ་བཟུང་ནས་བཙུགས་པའི་ཁྲིམས་མིར་ཟེར། ཁེ་གཉེར་ཁྲིམས་མིའི་ཁོངས་སུ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མ་རྐང་ཚད་ཡོད་ཀུང་སི། ཁེ་ལས་ཀྱི་ཁྲིམས་མི་གཞན་དག་སོགས་ཚུད་ཡོད།
ཁེ་གཉེར་མིན་པའི་ཁྲིམས་མི་ཞེས་པ་ནི་སྤྱི་ཕན་གྱི་དམིགས་ཡུལ་ལམ་ཁེ་གཉེར་མིན་པའི་དམིགས་ཡུལ་གཞན་དག་གི་ཆེད་དུ་འཛུགས་པ་དང་། ཁེ་སྤོགས་གང་ཐོབ་མ་རྩ་གཏོང་མི་དང་། འཛུགས་མིའམ་ཁོངས་མི་བཅས་ལ་བགོ་བཤའ་མི་རྒྱག་པའི་ཁྲིམས་མིར་ཟེར། ཁེ་གཉེར་མིན་པའི་ཁྲིམས་མིའི་ཁོངས་སུ་བྱ་ལས་ཚན་པ་དང་། སྤྱི་ཚོགས་ཚོགས་པ། ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི་སོགས་ཚུད་ཡོད།
དམིགས་བསལ་ཁྲིམས་མི་ཞེས་པ་ནི་ཁེ་གཉེར་ཁྲིམས་མི་དང་ཁེ་གཉེར་མིན་པའི་ཁྲིམས་མི་ཕུད་པའི་རྩ་འཛུགས་ལ་ཟེར་ཞིང་། ཞིབ་ཕྲའི་ཐོག་ནས་བཤད་ན། ལས་ཁུངས་ཀྱི་ཁྲིམས་མི་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་བཅས་ཡིན།
ས་བཅད་གཉིས་པ། ཁེ་གཉེར་ཁྲིམས་མི།
54
ཅི་ཞིག་ལ་ཁེ་གཉེར་ཁྲིམས་མི་ཟེར། ཁེ་གཉེར་ཁྲིམས་མིར་རིགས་གང་དང་གང་ཡོད།
ཁེ་གཉེར་ཁྲིམས་མི་ཞེས་པ་ནི་ཁེ་སྤོགས་རག་རྒྱུ་དང་ཁེ་སྤོགས་དེ་རྐང་བདག་སོགས་མ་རྩ་གཏོང་མི་ལ་བགོ་བཤའ་རྒྱག་རྒྱུ་དམིགས་ཡུལ་དུ་བཟུང་ནས་བཙུགས་པའི་ཁྲིམས་མིར་ཟེར། ཁེ་གཉེར་ཁྲིམས་མིའི་ཁོངས་སུ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མ་རྐང་ཚད་ཡོད་ཀུང་སི། ཁེ་ལས་ཀྱི་ཁྲིམས་མི་གཞན་དག་སོགས་ཚུད་ཡོད།
ཚད་ཡོད་འགན་འཁྲི་ཀུང་སི་ཞེས་པ་ནི་ཁྲིམས་བཀོད་གྲངས་ཚད་ཀྱི་རྐང་བདག་གིས་གྲུབ་ཅིང་། རྐང་བདག་གིས་འཁུར་དགོས་པའི་འགན་འཁྲི་ཡང་མ་རྩ་བཏང་བའི་དངུལ་གྲངས་ཀྱིས་མཚམས་ཚད་བྱེད་དགོས་པ་དང་། དེའི་རྒྱུ་ནོར་ཆ་ཚང་གིས་བུ་ལོན་འཇལ་བའི་འགན་འཁྲི་འཁུར་དགོས་པའི་ཀུང་སིར་ཟེར། མ་རྐང་ཚད་ཡོད་ཀུང་སི་ཞེས་པ་ནི་རྒྱུ་ནོར་ཆ་ཚང་གྲངས་མཉམ་གྱི་མ་རྐང་དུ་བགོས་ནས་མ་རྐང་འཛིན་ཤོག་གམ་མ་རྐང་དབང་འཛིན་ལག་ཁྱེར་འགྲེམ་སྤེལ་བྱེད་པ་བརྒྱུད་མ་རྩ་སྐོང་བ་དང་། རྐང་བདག་གིས་མ་རྐང་ཉོ་རྒྱུ་ཁས་ལེན་བྱེད་པ་བརྒྱུད་ཀུང་སི་ལ་ཚད་ཡོད་འགན་འཁྲི་འཁུར་དགོས་པ་དང་། ཀུང་སིས་རྒྱུ་ནོར་ཡོངས་རྫོགས་ཀྱིས་དེའི་བུ་ལོན་ལ་འགན་འཁྲི་འཁུར་དགོས་པའི་ཀུང་སི་ལ་ཟེར། ཁེ་ལས་ཀྱི་ཁྲིམས་མི་གཞན་དག་ཅེས་པ་ནི་ཚད་ཡོད་འགན་འཁྲི་ཀུང་སི་དང་མ་རྐང་ཚད་ཡོད་ཀུང་སི་ཕུད་པའི་ཁེ་གཉེར་ཁྲིམས་མིར་ཟེར་བ་སྟེ་དཔེར་ན་ཀྲུང་ཕྱིའི་མཉམ་ལས་ཀྱི་ཁེ་ལས་ཀྱི་ཁྲིམས་མི་ལྟ་བུ།
55
ཁེ་གཉེར་ཁྲིམས་མི་ཇི་ལྟར་འཛུགས་དགོས།
(1)ཁེ་གཉེར་ཁྲིམས་མི་ནི་ཁྲིམས་ལྟར་ཐོ་འགོད་བྱས་པ་བརྒྱུད་ནས་འཛུགས་དགོས། ཁྲིམས་ལྟར་ཐོ་འགོད་བྱས་པ་བརྒྱུད་ནས་འཛུགས་པ་ནི་ཁེ་གཉེར་ཁྲིམས་མི་སོར་གནས་ཀྱི་སྔོན་འགྲོ་ཡིན།
(2)ཐོ་འགོད་བྱེད་པའི་རེ་འདུན་ཞུས་ནས་ལས་གཉེར་ལག་ཁྱེར་ལེན་དགོས། ཁྲིམས་ལྟར་བཙུགས་པའི་ཁེ་གཉེར་ཁྲིམས་མི་ཡིན་ན། ཐོ་འགོད་ལས་ཁུངས་ཀྱིས་ཁེ་གཉེར་ཁྲིམས་མིར་ལས་གཉེར་ལག་ཁྱེར་སྤྲོད་དགོས། ལས་གཉེར་ལག་ཁྱེར་སྤྲོད་པའི་དུས་ཚོད་ནི་ཁེ་གཉེར་ཁྲིམས་མི་བཙུགས་པའི་དུས་ཚོད་ཡིན།
(3)བཅའ་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས། སྒྲིག་ཡིག་ནི་ཁྲིམས་མིའི་རྩ་འཛུགས་ཀྱི་རྩ་བའི་སྒྲིག་ཁྲིམས་ཡིན་པ་དང་། ཁྲིམས་མིའི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱེད་པའི་ཡིག་ཆ་ཡིན། སྒྲིག་ཡིག་ནང་དུ་ཁྲིམས་མི་སོར་གནས་ཀྱི་རྒྱུ་མཚན་གསལ་བཤད་དང་ཚོད་འཛིན་བྱེད་དགོས་པ་དང་། ཁེ་གཉེར་ཁྲིམས་མི་འཛུགས་པའི་དམིགས་ཡུལ་བཀོད་དགོས་པ་མ་ཟད། གཉེར་སྐྱོང་ཁྱབ་ཁོངས་དང་མ་རྩ་གཏོང་མི་སོ་སོའི་ཁེ་དབང་དང་འོས་འགན། འགན་འཁྲི་བཅས་སྐོར་གྱི་ཆ་འཕྲིན་ཡང་ཡོད་དགོས།
(4)དབང་འཛིན་སྒྲིག་གཞི་འཛུགས་དགོས། དབང་འཛིན་སྒྲིག་གཞིས་ཁྲིམས་མིའི་སྒྲིག་ཡིག་དག་བཅོས་དང་། ལག་བསྟར་སྒྲིག་གཞི་དང་ལྟ་སྐུལ་སྒྲིག་གཞིའི་ཁོངས་མི་འདེམས་པའམ་བརྗེ་བ། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་འགན་དབང་གཞན་དག་བཅས་སྤེལ་དགོས།
(5)ལག་བསྟར་སྒྲིག་གཞི་འཛུགས་དགོས། ལག་བསྟར་སྒྲིག་གཞིས་དབང་འཛིན་སྒྲིག་གཞིའི་གྲོས་ཚོགས་སྐོང་འཚོགས་དང་། ཁྲིམས་མིའི་གཉེར་སྐྱོང་འཆར་གཞི་དང་མ་འཇོག་འཆར་གཞི་ཐག་གཅོད། ཁྲིམས་མིའི་ནང་ཁུལ་གྱི་དོ་དམ་སྒྲིག་གཞི་འཛུགས་རྒྱུ་ཐག་གཅོད། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ལ་བཀོད་པའི་འགན་དབང་གཞན་དག་བཅས་སྤྱོད་དགོས། ལག་བསྟར་སྒྲིག་གཞི་ནི་ཏུང་ཧྲི་ལྷན་ཚོགས་སམ་ལག་བསྟར་ཏུང་ཧྲི་ཡིན་ན། ཏུང་ཧྲི་འགོ་གཙོ་དང་། ལག་བསྟར་ཏུང་ཧྲིའམ་སྤྱི་གཉེར་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས་པ་དང་། ཏུང་ཧྲི་ལྷན་ཚོགས་སམ་ལག་བསྟར་ཏུང་ཧྲི་བཙུགས་མེད་ན། ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་འགན་འཁུར་པ་གཙོ་བོས་དེའི་ལག་བསྟར་སྒྲིག་གཞི་དང་ཁྲིམས་བཀོད་འཐུས་ཚབ་པ་བྱེད་དགོས།
(6)ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་པ་སོགས་ལྟ་སྐུལ་སྒྲིག་གཞི་བཙུགས་ཡོད་ན། ལྟ་སྐུལ་སྒྲིག་གཞིས་ཁྲིམས་ལྟར་ཁྲིམས་མིའི་ནོར་དོན་ལ་ཞིབ་བཤེར་བྱེད་དགོས་པ་དང་། ལག་བསྟར་སྒྲིག་གཞིའི་ཁོངས་མི་དང་། མཐོ་རིམ་དོ་དམ་མི་སྣས་ཁྲིམས་མིའི་ལས་གནས་ལག་བསྟར་བྱེད་པའི་བྱ་སྤྱོད་དང་། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་ལ་ལྟ་སྐུལ་བྱེད་དགོས།