དོ་ཁུར་ཆེན་པོ་བྱེད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས》2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ནས་ནུས་པ་ཐོན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་གང་དག་བཏོན་ནས་བཅའ་ཁྲིམས་དོན་འཁྱོལ་བྱེད་ཀྱི་ཡོད་དམ་ཞེ་ན། 2023ལོའི་ཟླ་12ཚེས་21ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་གནད་ལས་དོན་ལ་གསལ་འགྲེལ་བྱས་ཡོད།
དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་དང་
རྒྱུན་མཐུད་ནུས་ལྡན་སྤེལ་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཁྲིམས་འཛུགས་འཆར་འགོད་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཧོ་ཆིང་གིས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་རྒྱལ་གཅེས་རིང་ལུགས་སློབ་གསོའི་མཛུབ་ཁྲིད་བསམ་བློ་དང་། འགོ་ཁྲིད་ཀྱི་སྒྲིག་སྲོལ། ལས་ཀའི་ལམ་སྲོལ། ལས་འགན། ལག་བསྟར་དང་འགན་ལེན་བྱེད་ཐབས་སོགས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གཏན་འཁེལ་བྱས་ཡོད་ཅིང་། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་དང་རྒྱུན་མཐུད་ནུས་ལྡན་ངང་སྤེལ་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བསམ་པའི་འགུལ་ཤུགས་ཆེན་པོ་སྣོན་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། གཟི་བརྗིད། ཁེ་ཕན་བཅས་སྲུང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད་ཅེས་བརྗོད་པ་རེད།
དབྱང་ཧོ་ཆིང་གིས། བཅའ་ཁྲིམས་ཀྱི་གསོན་ཤུགས་ནི་ལག་བསྟར་བྱེད་པར་ཐུག་ཡོད་ལ་བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱེད་པར་ཐུག་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས། “རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནི་མི་དམངས་ཡོངས་ལ་ཁ་ཕྱོགས་པའི་སློབ་གསོ་ཞིག་ཡིན། དེའི་གཙོ་གནད་ནི་གཞོན་ནུ་ལོ་ཆུང་དང་རྨང་གཞི་ནི་སློབ་གྲྭའི་སློབ་གསོ་ཡིན། སློབ་གསོ་ཁྲིད་སྟོན་ལ་སྣང་ཆེན་བྱེད་དགོས་ལ་ལག་ལེན་ལ་ཡང་སྣང་ཆེན་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་དང་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་པར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས”ཞེས་བརྗོད་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་ཚིགས་གལ་ཆེན་འདིར་རྒྱལ་གཅེས་
རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་གོ་སྐབས་སྟངས་འཛིན་བྱེད་དགོས།
“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅའ་ཁྲིམས་ནང་བཀོད་པ་ནི་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་ཆེན་པོར་ལན་སློག་པ་དང་། སྤྱི་ཚོགས་ཀྱི་འདུ་ཤེས་བསྡུ་སྒྲིལ་ནུས་ལྡན་། རིན་ཐང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་བསམ་བློ་གཅིག་གྱུར། སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་ཀྱི་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད”ཅེས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙེང་ཅན་ལིས་བརྗོད་པ་རེད།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ལ་གཞིགས་ན། ལོ་རེའི་ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཅིག་སྡུད་སྤེལ་གྱི་ཡོད། “འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ་ང་ཚོས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་དང་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དམ་འཛིན་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནུས་ལྡན་སྤེལ་བའི་གོ་སྐབས་བཟང་པོ་ཞིག་རེད”ཅེས་ཙེང་ཅན་ལིས་ངོ་སྤྲོད་བྱས་དོན། འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་འདི་ལོའི་རྟེན་འབྲེལ་བྱེད་སྒོར་ཇུས་འགོད་བྱེད་བཞིན་ཡོད། བསམ་ཚུལ་གཙོ་བོ་ནི་སྤྱི་ཚོགས་ཀྱི་ཕྱོགས་ཁག་ཞུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་འཐབ་ས་དང་པོར་བསྐྱོད་པའི་སྐུལ་སློང་བྱས་ནས། སློབ་སྦྱོང་ཉམས་ལེན་དང་། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། སྔོན་གཤེགས་དཔའ་བོར་རྗེས་དྲན། དྲ་ཐོག་དྲིལ་བསྒྲགས། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སོགས་ཀྱི་རྣམ་པ་འདྲ་མིན་དང་ནང་དོན་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་འཕེལ་བ། རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བྱ་སྤྱོད་ལག་ལེན་བཅས་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བཏོད་དེ་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དེ་མི་དམངས་ཡོངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་། བསམ་པའི་སྟོབས་ཤུགས། རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བར་བྱེད་ཀྱི་ཡོད།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲ་རྒྱའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་འགན་འཁྲི་དང་འོས་འགན་ཁ་གསལ་བཏོན་ཡོད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་དྲ་རྒྱའི་ཁྲིམས་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ལེས། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་ཁྲིམས་འཛུགས་དང་བཟོ་བཅོས་རྒྱག་པའི་བརྒྱུད་རིམ་ནང་རྒྱལ་གཅེས་རིང་ལུགས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱེད་པར་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྡེ་ཚན་གྱི་སྒྲིག་སྲོལ་བཅས་རིམ་པ་གསུམ་གྱི་ཐད་ནས་རྒྱལ་གཅེས་རིང་ལུགས་ཀྱི་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
ཁོང་གིས། དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་གཅེས་རིང་ལུགས་ཀྱི་འབྲེལ་ཡོད་བརྗོད་དོན་གཙོ་བོ་དང་། བྱེད་སྒོ་གལ་ཆེན། དོན་རྐྱེན་གལ་ཆེན་སོགས་དྲིལ་བསྒྲགས་དང་འགོད་པར་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྣམ་པ་ཟབ་མོ་གཏོད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་དོན་དང་འགལ་བའི་དྲ་རྒྱའི་ཆ་འཕྲིན་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་མཁན་གྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་ཀྱི་བླང་བྱ་དེ་དྲ་རྒྱ་དོ་དམ་དང་། དྲ་གཉེར། དྲ་ཞུགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱས་ནས་དྲ་རྒྱའི་ཁོར་ཡུག་དྭངས་གཙང་དང་། སྐྱེ་ཁམས་བཟང་བ། དྲང་ནུས་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་མཐོངས་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཕུན་སུམ་ཚོགས་ལ་ཡིད་དབང་འཕྲོག་པའི་རིག་གནས་ཤུག་བཞག་ཐོན་ཁུངས་ཀྱི་
ཡུལ་སྐོར་རྣམ་གྲངས་དང་ཐོན་རྫས་གསར་གཏོད་བྱེད་དགོས།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་གསར་བརྗེའི་ཐོན་ཁུངས་དང་། རིག་དངོས་གནའ་ཤུལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རིག་གནས་འགྲན་ར་སྣ་ཚོགས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་གཏན་འབེབས་གསལ་པོ་བྱས་ཡོད། རིག་གནས་དང་ཡུལ་སྐོར་པུའི་སྲིད་ཇུས་ཁྲིམས་སྲོལ་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཀྲོའུ་ཅིའུ་ཚའེ་ཡིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་ལ་མུ་མཐུད་སྐུལ་འདེད་བཏང་ནས། དེ་བས་ཕུན་སུམ་ཚོགས་ལ་ཡིད་དབང་འཕྲོག་པའི་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ཡུལ་སྐོར་རྣམ་གྲངས་དང་ཐོན་རྫས་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཀྲོའུ་ཅིའུ་ཚའེ་ཡིས། རིག་གནས་ཡུལ་སྐོར་པུས་རིགས་ཁག་གི་རྟེན་མཛོད་ཁང་དང་། དྲན་གསོ་ཁང་། སྤྱི་པའི་དཔེ་དེབ་ཁང་། རིག་གནས་ཁང་སོགས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་དང་། རིག་གནས་སྒྱུ་རྩལ་ཞིབ་འཇུག་སྒྲིག་གཞི། རིག་རྩལ་ཁང་དང་ཚོགས་པ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས། འགྲེམས་སྟོན་ཁང་སོགས་ཀྱི་ཐོན་ཁུངས་དང་ལེགས་ཆ་གང་ལེགས་བཏོན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། རིག་དངོས་ནུས་ལྡན་བེད་སྤྱོད་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་འདེད་བཏང་བ་བརྒྱུད། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་ལས་བྱུང་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་གི་ཡིན་ཞེས་བརྗོད་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
(ལྷག་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)