ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁྲིམས་འཛིན་ཅུས་བསམ་ཡས་ཁྲིམས་འཛིན་སུའོ་ཡིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་དང་ཐག་གཅོད་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩིས་ནས“ཞིབ་བཤེར་གསུམ་དང་། འདུམ་འགྲིག་གསུམ། ལེགས་གཏོང་གསུམ”བཅས་ཀྱི་འགལ་ཟླ་དང་རྩོད་གཞིར་སྔོན་འགོག་དང་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སྔོན་འགོག་དང་འགལ་ཟླ་དང་རྩོད་གཞི་རང་སར་སེལ་བར་སྐུལ་འདེད་བཏང་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཤིང་། 2023ལོའི་ཟླ་11པར། བསམ་ཡས་ཁྲིམས་འཛིན་སུའོ་ལ་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི”ཁྲིམས་འཛིན་སུའོ་ཡི་མཚན་སྙན་ཐོབ་པ་རེད།
“ཞིབ་བཤེར་གསུམ”ལ་དམིགས་ནས་ འགལ་ཟླ་དང་རྩོད་གཞི་ཡག་པོ་བཤེར་བ།
རྒྱུན་གཏན་གྱི་གྲལ་བཤེར་ལ་དམ་འཛིན་ཡག་པོ་བྱས་ཤིང་། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་འདུམ་འགྲིག་པ་གཞི་རིམ་དང་ཉེ་བར་བཅར་བའི་ལེགས་ཆ་གང་ལེགས་སྤྱད་ནས་རྩོད་གཞིའི་ཆ་འཕྲིན་པས(དུད་སྦྲེལ་སྤྱི་མི་དང་དྲ་མིག་དོ་དམ་པ)དུས་བསྟུན་གྲལ་བཤེར་དང་། གྲོང་ཚོའི(གྲོང་ལྷན)འདུམ་འགྲིག་རྩ་འཛུགས་ཀྱིས་གཟའ་འཁོར་རེར་གྲལ་བཤེར་རེ། ཤང་གྲོང(ཁྲོམ་གཞུང) འདུམ་འགྲིག་རྩ་འཛུགས་ཀྱིས་ཟླ་བ་རེར་གྲལ་བཤེར་རེ། རྫོང(ཆུས)འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་ཤ་གཅོད་པའི“རིམ་གསུམ་མཐིལ་རྟོགས་གྲལ་བཤེར་དང་རིམ་གཅིག་ཞིབ་འཇུག་བརྡར་ཤ་གཅོད་པའི”ལམ་སྲོལ་དོན་འཁྱོལ་བྱས་ནས་གྲལ་བཤེར་ལས་དོན་ཕྱོགས་གང་སར་ཁྱབ་པ་དང་། གྲལ་བཤེར་བྱེད་སྐབས་ཤེས་པའི་འགལ་ཟླ་དང་རྩོད་གཞིར་ལས་ཀའི་གསལ་ཐོ་བཟོས་ཏེ། དུས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་པ། སྔོན་བརྡ་ཡག་པོ་གཏོང་བ་དང་སྔོན་འགོག་ཡག་པོ་བྱས་ནས་འགལ་ཟླ་དང་རྩོད་གཞི་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པར་འགན་ལེན་བྱས་པ་རེད།
“འདུམ་འགྲིག་གསུམ”ལ་དམིགས་ཏེ་ འགལ་ཟླ་དང་རྩོད་གཞི་ཧུར་ཐག་འདུམས་པ།
དུས་ཐོག་དང་རང་འགུལ་ངང་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྔ་ཙམ་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགོ་འབུར་ཙམ་ནས་དམ་འཛིན་བཅས་མཐའ་འཁྱོངས་ཀྱིས་འགལ་ཟླ་དང་རྩོད་གཞིའི་རིགས་དང་། དཀའ་གནད། འགྱངས་ཚད། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་གནས་ཚུལ་མི་འདྲ་བར་གཞིགས་ནས་འདུམ་འགྲིག་གི་གྱོད་དཔེ་གཏན་འཁེལ་དང་ཁྲིམས་འཛིན་སུའོ་ཡིས་མི་དམངས་འདུམ་འགྲིག་པ་སྒྲིག་འཛུགས་ཀྱིས་འདུམ་འགྲིག་བྱེད་དགོས་རིགས་ཚང་མ་རང་འགུལ་གྱིས་འདུམ་འགྲིག་དང་། འདུམ་འགྲིག་ཐུབ་རིགས་ཚང་མ་འདུམ་འགྲིག་ཐུབ་པར་བྱས་ཡོད། ཁྱིམ་ཚང་གི་གཉེན་སྒྲིག་དང་། ཁྱིམ་མཚེས་དབར་གྱི་འབྲེལ་བ། སྡོད་ཁང་བོགས་མར་གཏོང་ལེན་སོགས་སུ་ཐོན་སླ་བའི་རྒྱུན་མཐོང་གི་དམངས་ཁྲོད་རྩོད་གཞིར་དམིགས་ནས། ཁྲིམས་དང་། མི་ཆོས་གནས་ལུགས། དོན་དངོས་ཟུང་དུ་སྦྲེལ་བ་སོགས་ཀྱི་སྟབས་བསྟུན་བྱེད་སྟངས་སྤྱད་དེ། རྩོད་གཞིར་སྔ་ཙམ་ནས་འདུམ་འགྲིག་ཚད་རན་པོ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་ཏན་ཏིག་བྱས་ཤིང་། གནད་དོན་ཆུང་རིགས་གྲོང་ཚོ་རང་སར་ཐག་གཅོད་ཐུབ་པ་དང་གནད་དོན་ཆེ་གྲས་གྲོང་རྡལ་ནས་ཐག་གཅོད་ཐུབ་པར་བྱས་ཡོད།
ཁྲིམས་ལྟར་རང་སར་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཁོངས་གཏོགས་ཁུལ་དུ་ཐོན་སླ་བ་དང་ཐོན་མང་བའི་འགལ་ཟླ་དང་རྩོད་གཞིར་དམིགས་ཏེ“མི་དམངས་ཀྱི་འདུམ་འགྲིག་དང་། བཅའ་ཁྲིམས་ཁྱབ་གདལ། ཁྱུག་དབྱིངས་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་ནས་གྲོང་མིས་ཉིན་ལྟར་བཅའ་ཁྲིམས་སྦྱོང་བའི་ཐོ་འགོད་ལམ་ལུགས་བཙུགས་པར། ཁྱུག་དབྱིངས་སུ་བཅའ་ཁྲིམས་ཁྱབ་གདལ་གྱི་སྐད་གཉིས་བརྙན་ཐུང་གཏོང་ཚད་དུས་ཐེངས་90ཟིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཁྲིམས་འཛིན་སུའོ་དེས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ནར་འགྱངས་མེད་པར་རང་སར་འདུམ་འགྲིག་བྱས་པར་འདུམ་འགྲིག་ཐུབ་ཚད་96%ཟིན་ཡོད་པ་རེད།
“ལེགས་གཏོང་གསུམ”ལ་དམིགས་ཏེ་ འདུམ་འགྲིག་ལས་དོན་ཡག་པོ་བསྒྲུབས་པ།
འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་ལེགས་སུ་བཏང་ཞིང་། མི་དམངས་འདུམ་འགྲིག་ལས་དོན་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། ཤང་དང་གྲོང་གསེབ་ཏུ་འདུམ་འགྲིག་རྩ་འཛུགས་ཡོངས་སུ་ཁྱབ་པའི་རྨང་གཞིའི་ཐོག་དུད་སྦྲེལ་དང་དྲ་མིག་ཏུའང་འདུམ་འགྲིག་རྩ་འཛུགས་ཁྱབ་ཡོད་པ་རེད། ཁོངས་གཏོགས་ཁུལ་དུ་གནས་སྤོས་མང་ཚོགས་མང་བ་དང་འགལ་ཟླ་དང་རྩོད་གཞི་ཐོན་སླ་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ཏང་ཡོན་འདུམ་འགྲིག་པ་སྒྲིག་འཛུགས་བྱས་ཏེ། གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་མི་དམངས་འདུམ་འགྲིག་ལས་དོན་ཁང་བཙུགས་པ་དང“ཁ་ཆད་ཀྱི་རྣམ་པ་དང་སྒོ་རྩར་སྐྱོད་པའི”འདུམ་འགྲིག་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱས་པར། མི་དམངས་འདུམ་འགྲིག་ལས་དོན་ཁང་དེ་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཀྱི“གནས་ལུགས་རྒྱུ་མཚན་ཤོད་སའི”ཁྱིམ་གསར་པ་ཞིག་ཏུ་གྱུར་ཡོད།
འདུམ་འགྲིག་པའི་དཔུང་ཁག་སྟོབས་ཆེར་བཏང་ཞིང་། མི་དམངས་འདུམ་འགྲིག་པའི་འདེམས་བསྐོའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། དེ་སྔའི་མང་པོའི་ཁྲོད་ནས་འོས་འདེམས་དང་། སྤྱི་འབོར་འགན་ལེན་བྱེད་པ་ནས་གནད་སྨིན་ཧྲག་འདེམས་དང་སྤུས་ཚད་ལ་འགན་ལེན་བྱེད་པའི་རྣམ་པར་བསྒྱུར་ནས་ལས་འགན་གཅིག་ལྕོགས་ཁུར་བའི་མི་དམངས་འདུམ་འགྲིག་པའི་དཔུང་ཁག་སྟོབས་ཆེར་གཏོང་བའི་རྨང་གཞིའི་ཐོག “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག” དང་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་སོགས་ཀྱི་གཞོགས་འདེགས་མི་སྣ་བཀོད་སྒྲིག་བྱས་ཏེ། ཆེད་ལས་དང་ལས་ཞོར་ཟུང་དུ་འབྲེལ་བའི་འདུམ་འགྲིག་པའི་དཔུང་ཁག་བཙུགས་ནས་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་དང་ཐག་གཅོད་བྱེད་པའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་སྔར་བས་ཆེ་རུ་བཏང་ཡོད།
མཉམ་འགུལ་ལམ་སྲོལ་ལེགས་སུ་བཏང་ཞིང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། ཁྲིམས་ར། སྤྱི་བདེ་མངགས་གཏོང་ཁང་། ཡིག་འབུལ་ཞུ་བཅར་གཞུང་ལས་ཁང་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། “མཉམ་འདུམ་དང་མཉམ་བཤེར་མཉམ་འགུལ”གྱི་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། “གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་བ། ཞུ་གཏུག་གོང་གི་འདུམ་འགྲིག་དང་། ཉེན་རྟོག་པའི་འདུམ་འགྲིག ངོ་བཅར་འདུམ་འགྲིག་བཅས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ནང་ཁུལ་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་མཉམ་འགུལ་གྱི་མཉམ་ཤུགས་འདུམ་འགྲིག་ལམ་སྲོལ་བཙུགས་ནས། “ཆ་འཕྲིན་སྦྲེལ་མཐུད་དང་། རྩོད་གཞིར་མཉམ་བཤེར། སྟོབས་ཤུགས་མཉམ་འགུལ། འགལ་ཟླ་མཉམ་འདུམ”བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པ་དང་འགལ་ཟླ་དང་རྩོད་གཞི་སྣ་མང་མཉམ་འགུལ་གྱིས་སེལ་བར་སྐུལ་འདེད་བཏང་བ་རེད།