འདི་ག་ཚགས་པར་ཁང་དུ་ཆུ་གསུམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་གྲབ་སྨད་གྲོང་ཚོའི་མང་ཚོགས་ཤིག་གི་ཁྱིམ་དུ་དོམ་ནག་གཅིག་འཛུལ་ནས་གྲོང་མི་ཚང་མ་ཕྱི་ལོགས་སུ་དོན་ཐབས་མེད་པས་རོགས་རམ་གནང་རོགས་ཟེར་བའི་རོགས་སྐྱོབ་སྙན་སེང་ཞིག་འབྱོར་བ་རེད།
སྙན་སེང་འབྱོར་རྗེས། ནོར་བུ་ས་གྲོང་རྡལ་མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་མངགས་པ་དང་། ཉེན་རྟོག་པས་ཁང་པའི་ཐོག་ཁར་འཛེགས་ནས་དོམ་ནག་གི་འགུལ་སྐྱོད་ལ་ལྟ་ཞིབ་བྱས་པ་དང་སྦྲགས། འཁྲིས་ཀྱི་ཁང་པར་ཡོད་པའི་གྲོང་མི་ཁ་བཀྲམ་ནས་བདེ་འཇགས་ཁུལ་དུ་ཁྲིད་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་འགོག་སྲུང་ཚགས་ཚུད་པོ་བྱས་པའི་གནས་ཚུལ་འོག་ཉེན་བརྡའི་གློག་སྒྲོན་སྤར་བ་དང་། ཉེན་བརྡའི་དུང་བརྡ་གཏོང་བ། ཧ་ཡང་རྡུང་བ་སོགས་བྱས་ནས་དོམ་ནག་ཕྱིར་སྐྲོད་ཐབས་བྱས་པར། མཐར་དོམ་ནག་དེ་མང་ཚོགས་ཀྱི་ཁྱིམ་ནས་བདེ་བླག་ངང་ཕྱིར་བསྐྲད་ཐུབ་པ་རེད།
དོམ་ནག་ཕྱིར་བསྐྲད་རྗེས། མི་དམངས་ཉེན་རྟོག་པས་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་རང་ངོས་ཀྱི་དོགས་ཟོན་དང་བདེ་འཇགས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལྷག་པར་དུ་མཚན་མོར་དོམ་ནག་ཡང་ཡང་ཐོན་གྱི་ཡོད་པས་རང་ཉིད་གཅིག་པུར་ཕྱིར་མི་དོན་པར་དོགས་ཟོན་ནན་པོ་བྱེད་དགོས། གལ་སྲིད་ཉེན་ཁ་འཕྲད་ཚེ་དུས་ཐོག་ཏུ་ཉེན་རྟོག་པར་སྙན་སེང་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད།