《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月09日

“བྱིས་པ་འཚུབ་གཏེ”ཡིས་དྲ་བའི་རོལ་རྩེད་ལ་སྒོར་ཁྲི་1ལྷག་ཙམ་སྤྲད་པ་ཉེན་ རྟོག་པས་ཚུར་བླངས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཁུལ་གསར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་བཀྲ་ཤིས་ནོར་བུར“ལྷག་བསམ་དག་པོས་རང་འགན་སྒྲུབ། དམངས་ལ་ཞབས་འདེགས་གང་ལེགས་ཞུ”ཞེས་པའི་གཟེངས་བསྟོད་གོས་དར་ཞིག་རག་པ་དང་གོས་དར་དེའི་རྒྱབ་ལ་མི་དམངས་ཉེན་རྟོག་པས་ཝུའུ་ཆེ་གེ་མོར་རོགས་རམ་བྱས་ནས་གྱོང་གུན་སྒོར་9272གསབ་པའི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་ཅིག་ཡོད།

ཉེ་ཆར་ཝུའུ་ཆེ་གེ་མོས་དངོས་ཟོག་ཉོ་སྐབས་རང་ཉིད་ཀྱི་དངུལ་ཁང་གཱ་ནང་གི་དངུལ་ཧ་གོ་འདི་གོ་མེད་པར་བརླགས་པ་ཤེས་འཕྲལ་དུས་ཐོག་ཏུ་སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཁུལ་གསར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་རོགས་རམ་གནང་རོགས་ཞུ་བར་བསྐྱོད།

ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པས་ཝུའུ་ཆེ་གེ་མོར་སེམས་གསོ་གཏོང་བཞིན་དུ་ཁོང་གི་ལག་ཐོགས་ཁ་པར་ནས་ཞིབ་ཕྲའི་འཛད་སྤྱོད་དངུལ་གྲངས་རྩད་བཤེར་བྱེད་སྐབས། ཝུའུ་ཆེ་གེ་མོའི་ལོ་6ལ་སླེབས་པའི་བུ་འཚུབ་གཏེ་དེས“སྒོ་ངའི་རོལ་ཚོགས”ཞེས་པའི་དྲ་ཐོག་རོལ་རྩེད་ཐོག་ཕ་མའི་ཐོབ་ཐང་ལག་ཁྱེར་སྤྱད་དེ་ཐོ་འགོད་བྱས་པ་དང་འབྲེལ་སྔ་རྗེས་སུ་རོལ་རྩེད་དེའི་རྩིས་ཁྲར་རིམ་རྩིས་བྱས་ན་དངུལ་སྒོར་15454ལྷག་ཙམ་བསྒྱུར་བ་རེད།

གནས་ཚུལ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་དྲ་ཐོག་རོལ་རྩེད་ཞབས་ཞུ་བ་དང་འབྲེལ་བ་བྱས་ནས་གནས་ཚུལ་གསལ་བཤད་བྱས་ཏེ་དངུལ་ཕྱིར་སློག་པའི་རེ་བ་ཞུས་པ་དང་། རོལ་རྩེད་ཀུང་སིའི་གཏན་འབེབས་ལྟར་མི་དམངས་ཉེན་རྟོག་པས་རོལ་རྩེད་སྟེགས་བུར་རིགས་ཁག་གི་དངུལ་སློག་དཔྱད་ཡིག་མཁོ་འདོན་དང་འཐུས་ཚང་དུ་བཏང་ནས་ཞིབ་དཔྱད་བྱས་རྗེས། ཞབས་ཞུ་བས་མི་དམངས་ཉེན་རྟོག་པར་འབྲེལ་བ་བྱས་ནས་ལས་སྟེགས་ཀྱིས་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས་དངུལ་གྲངས་སྒོར་6100སློག་རྒྱུ་ཡིན་ལུགས་གསལ་བཤད་བྱས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཝུའུ་ཆེ་གེ་མོར་ཕྱིར་སློག་དངུལ་གྲངས་དང་རྒྱུ་རྐྱེན་གསལ་བཤད་བྱས་རྗེས། ཝུའུ་ཆེ་གེ་མོས་སླར་ཡང་མི་དམངས་ཉེན་རྟོག་པར་ཁྱིམ་ཚང་གི་དངོས་ཡོད་དཀའ་ངལ་གསལ་བཤད་བྱས་ནས་རོགས་རམ་བྱེད་པའི་རེ་བ་ཞུས་པ་རེད། མི་དམངས་ཉེན་རྟོག་པས་ཞིབ་ཕྲའི་དཀའ་ངལ་ཤེས་རྟོགས་ཐུབ་རྗེས་སླར་ཡང་ཞབས་ཞུ་བ་དང་འབྲེལ་བ་བྱས་ནས་ཝུའུ་ཆེ་གེ་མོའི་ཁྱིམ་ཚང་ནི་ཁོངས་གཏོགས་ཁུལ་གྱི་དབུལ་སྐྱོར་གནས་སྤོས་དུད་ཚང་ཡིན་པ་དང་ཁྱིམ་དུ་ཕྲུ་གུ་4སློབ་གྲྭར་སྐྱོད་ཀྱི་ཡོད་པ་མ་ཟད། ཝུའུ་ཆེ་གེ་མོ་དང་ཁོང་གི་བུ་གཉིས་པ་ལུའོ་ཆེ་གེ་མོ་དབང་པོ་སྐྱོན་ཅན་ཡིན་པས། ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་བཟའ་ཟླས་ཕྱིར་གླ་པར་ཕྱིན་པའི་ཡོང་འབབ་ཉུང་ཉུང་ཁོ་ནར་བརྟེན་དགོས་པ་གསལ་བཤད་བྱས་པ་དང་འབྲེལ། རོལ་རྩེད་ཀུང་སིར་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་དང་དབུལ་པོའི་དཔང་ཡིག་བསྐུར་བ་རེད། མི་དམངས་ཉེན་རྟོག་པས་ཉིན་ཤས་རིང་ལས་དོན་ཧུར་ཐག་སྤེལ་བ་བརྒྱུད་མཐར་གྱོང་གུན་སྒོར་9272ཕྱིར་ལེན་ཐུབ་པ་རེད། (ལྷག་ཚེས་བསྒྱུར། མཚམས་གཅོད་ཀྱིས་ཞུས)