ཉེ་ཆར། བོད་ལྗོངས་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་གི་སློབ་སྦྱོང་ཁང་དུ་ཐལ་མོའི་རྡེབ་སྒྲའི་ཁྲོད་དམག་མིའི་ཚོགས་ཆེན་ཞིག་འགོ་ཚུགས་པ་རེད། བཀོད་འདོམས་པ་ཞུང་ཀྲུང་ཧུའེ་ཡིས་ལག་ཏུ་ཧྲན་ཏུང་ལིན་དབྱི་ནས་བསྐུར་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་བཟུང་སྟེ། ལན་ཤོག་གི་ཞ་ཧྲི་དམག་མི་ཧྲི་ཀྲི་ཅུན་གྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་དཔའ་ངར་ཆེན་པོས་སྐྱེས་པ་ཞིག་བསྐྱབས་པའི་བྱས་རྗེས་བརྩེ་བ་ཟབ་པོས་བཀླགས་པ་དང་དཔོན་དམག་ཚོས་བསྔགས་བརྗོད་ཆེན་པོ་བྱས། ན་ནིང་ཟླ་བཅུ་པའི་ཚེས་27ཉིན་གྱི་ཕྱི་དྲོར། འཁོར་ཞག་ངལ་གསོ་རྒྱག་བཞིན་པའི་ཧྲི་ཀྲི་ཅུན་གྱིས་རླངས་འཁོར་བཟོ་གྲྭར་རླངས་འཁོར་ཉམས་བཟོ་བྱེད་པའི་སྐབས་གློ་བུར་དུ“ང་ལ་རོགས་པ་ཞིག་གནང་རོགས། ངའི་ཕྲུ་གུར་ཁྲག་མང་པོ་དོན་གྱི་འདུག”ཅེས་པའི་སྒྲ་ཞིག་ཐོས། ཧྲི་ཀྲེ་ཅུན་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་སྐྱོད་སྐབས། བུད་མེད་དར་མ་ཞིག་གིས་ལམ་འགྲམ་དུ་གང་སར་ཕར་ལྟ་ཚུར་ལྟ་བྱས་ནས་དངངས་སྐྲག་ཆེན་པོ་བྱེད་པ་མཐོང་། དེའི་འགྲམ་དུ་ཕྱིན་ནས་སྐད་ཆ་འདྲི་སྐབས། བུད་མེད་དེའི་ཕྲུ་གུས་རང་ཁྱིམ་གྱི་སྒོ་རའི་ནང་ཤིང་ཆས་བཟོ་སྐབས་དཔུང་པ་གཡོན་མ་གཟབ་གཟབ་མ་བྱས་པར་གློག་སོག་གིས་རྨས་ནས་སྟོད་ཐུང་ཁྲག་གིས་ཚོས་པ་མ་ཟད། དྲན་པ་གསལ་ལ་མ་གསལ་དུ་གྱུར་ནས་གནས་ཚུལ་ཛ་དྲག་པོ་ཡོད་པ་ཤེས་རྟོགས་བྱུང་།
ཛ་དྲག་གནས་ཚུལ་སྐབས། ཧྲི་ཀྲེ་ཅུན་གྱིས་དཔུང་སྡེ་ནས་སྦྱངས་པའི་ཁྲག་འཕྲལ་མར་འགོག་ཐབས་སྤྱད་དེ། རང་གི་ལུས་སྟེང་གི་སྲིང་བལ་ཚིལ་ལེན་ནས་རས་ལྷེབ་ཅིག་བཀོག་སྟེ་སྨྱུ་གུ་ཞིག་བཙལ་ནས་རྨ་རས་སྟབས་བདེ་ཞིག་བཟོས་ཏེ་བྱང་ཆུབ་པའི་ངང་རྨ་ཁར་མགྱོགས་མྱུར་དམ་པོར་དཀྲིས། དེ་རྗེས་ཧྲེ་ཀྲི་ཅུན་གྱིས་རླངས་འཁོར་བཏང་སྟེ་རྨས་མ་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་རྨས་མའི་དབུགས་འབྱིན་རྔུབ་མགྱོགས་སུ་ཕྱིན་པ་མ་ཟད། གདོང་མདོག་ཀྱང་སྐྱ་བོར་གྱུར། དེ་དུས་སློབ་གྲྭ་གྲོལ་བ་དང་འཁེལ་བས་ལམ་འགགས་ནས་རླངས་འཁོར་མགྱོགས་པོ་སྐྱོད་ཐབས་བྲལ་བའི་སྐབས། ཧྲི་ཀྲི་ཅུན་གྱིས་འགྲིམ་འགྲུལ་ཉེན་རྟོག་པར་རེ་བ་མ་ཞུ་ཀ་མེད་བྱུང་། འགྲིམ་འགྲུལ་ཉེན་རྟོག་པས་གནས་ཚུལ་དེ་ཤེས་རྗེས་ཉེན་བརྡའི་དུང་བརྡ་བཏང་ནས་འཚང་ཁ་ཆེ་བའི་རླངས་འཁོར་ཁ་བཀྲམ་པས་མ་གཞི་ལམ་བར་ལ་སྐར་མ་30འགོར་བཟོ་ཡོད་ཀྱང་། སྐར་མ་13ལས་མ་འགོར་བར་སྨན་ཁང་ལ་སྐྱེལ་ཐུབ་པ་བྱུང་བ་རེད། སྨན་ཁང་དུ་འབྱོར་རྗེས་རྨས་མ་གཤག་བཅོས་ཁང་དུ་བསྐྱལ་བ་དང་ཧྲེ་ཀྲི་ཅུན་གྱིས་རྨས་མའི་ཨ་མར་སེམས་གསོ་བཏང་རྗེས་ཨང་ཀི་ལེན་པ་དང་སྨན་རིན་སྤྲོད་པ་སོགས་ཀྱི་འགྲོ་ལུགས་བྲེལ་འཚུབ་ངང་གཉེར་ཚར་བ་དང་ག་ལེར་དེ་ནས་ཁ་བྲལ།
ཡུན་རིང་མ་སོང་བར། བསྐྱབས་པའི་སྐྱེས་པ་དེས་ནང་མི་ཁྲིད་ནས་ཁྱིམ་དུ་ཐུགས་རྗེ་ཆེ་ཞུ་བར་ཡོང་ཞིང་། “གལ་སྲིད་ཁྱེད་མེད་ཚེ་ང་སྲོག་ཉེན་ལས་ཐར་དཀའ་བས། ཁྱེད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཧྲི་ཀྲི་ཅུན་གྱི་ལག་ནས་དམ་པོར་འཇུས་ཏེ་དེ་ལྟར་བཤད།
འཁོར་ཞག་ནས་དཔུང་སྡེར་ཕྱིར་ལོག་རྗེས་ཧྲི་ཀྲི་ཅུན་གྱིས་མི་གཞན་ལ་རྨས་མ་བསྐྱབས་པའི་སྐོར་མ་བཤད་པར་རྒྱུན་གཏན་ལྟར་ལས་ཀ་དང་སྦྱོང་བརྡར་ལ་ཞུགས་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རྨས་སྐྱོན་ཕོག་པའི་སྐྱེས་པ་དེས་ད་དུང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བྲིས་ནས་ལས་ཁུངས་ལ་བསྐུར།
དཔེ་མཚོན་བྱས་རྗེས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས། མིག་དཔེའི་སྟོབས་ཤུགས་ཀྱིས་མི་རྣམས་ལ་ལྕག་སྐུལ་ཐེབས། “ཉེན་ཁའི་དུས་སུ་དཔའ་ངར་ཆེར་སྐྱེད་བྱེད་པ་ནི་དམག་མིའི་རང་གཤིས་ཡིན་ལ་འགན་འཁྲི་ཞིག་དེ་བས་ཀྱང་ཡིན”ཞེས་སློབ་སྦྱོང་ཁང་དུ་ཧྲི་ཀྲི་ཅུན་གྱིས་ཚད་ལྡན་གྱི་དམག་མིའི་གུས་ལུགས་ཞུས་ནས་བཤད་པར་འཐབ་གྲོགས་ཚོས་སླར་ཡང་དགའ་བསུ་ཆེན་པོ་ཞུས།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)