《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月09日

དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

45ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དུས། ཐོབ་ཐང་ལ་ཚོད་འཛིན་གང་དང་གང་ཡོད།

བཅའ་ཁྲིམས་ཀྱིས་ཁྲིམས་བཀོད་འཐུས་ཚབ་པའི་ལས་འགན་འཁུར་བའི་ཐོབ་ཐང་སྐོར་ཚོད་འཛིན་རབ་དང་རིམ་པ་བྱས་ཡོད་པ་དང་། གཤམ་གྱི་གནས་ཚུལ་གྲས་ཤིག་ཡིན་པའི་རང་བྱུང་མི་ཡོད་ན། ཁེ་ལས་ཁྲིམས་མིའི་འཐུས་ཚབ་པ་བྱས་མི་ཆོག

(1)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི།

(2)ཉེས་ཁྲིམས་ལག་བསྟར་བྱ་ཡུལ་ཡིན་པའམ་ཉེས་ཁྲིམས་ཀྱི་བཙན་ཤེད་བྱེད་ཐབས་ལག་བསྟར་བྱ་ཡུལ་ཡིན་པའི་མི།

(3)སྤྱི་བདེ་ལས་ཁུངས་སམ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འཇུ་བཟུང་བྱ་ཡུལ་གྱི་མི།

(4)ལྐོག་ཟ་རྔན་ལེན་དང་། རྒྱུ་ནོར་བཙན་གནོད་ཀྱི་ནག་ཉེས་བསགས་པའམ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གི་ནག་ཉེས་བསགས་པ་སོགས་ཀྱི་དབང་གིས་ཁྲིམས་ཆད་ཕོག་ཅིང་། ཁྲིམས་ཆད་ལག་བསྟར་ཡུན་ཚད་ལོངས་ནས་ལོ་ལྔ་ཕྱིན་མེད་པ་དང་། ནག་ཉེས་གཞན་པ་བསགས་ནས་ཁྲིམས་ཆད་ཕོག་ཅིང་ཁྲིམས་ཆད་ལག་བསྟར་ཡུན་ཚད་ལོངས་ནས་ལོ་གསུམ་མ་ཕྱིན་པའམ། ནག་ཉེས་བསགས་ནས་ཆབ་སྲིད་ཁེ་དབང་འཕྲོགས་ཤིང་ཁྲིམས་ཆད་ལག་བསྟར་ཡུན་ཚད་ལོངས་ནས་ལོ་ལྔ་ཕྱིན་མེད་པ།

(5)གཉེར་སྐྱོང་ལེགས་པོ་མ་བྱུང་བའི་དབང་གིས་མ་རྩ་སྟོངས་པར་གྱུར་ནས་གཙང་རྩིས་བྱས་པའི་ཁེ་ལས་ཀྱི་ཁྲིམས་མིའི་འཐུས་ཚབ་པའམ་ཏུང་ཧྲི། སྤྱི་གཉེར་བ་བཅས་ཀྱི་འགན་འཁུར་མཁན་ཡིན་པ་མ་ཟད། ཁེ་ལས་དེ་མ་རྩ་སྟོངས་པར་མི་སྒེར་གྱི་ཁག་འགན་འཁུར་དགོས་མཁན་ཡིན་པ་དང་། ཁེ་ལས་མ་རྩ་སྟོངས་པར་གྱུར་ནས་གཙང་རྩིས་ལས་ཀ་མཇུག་སྒྲིལ་བའི་ཉིན་ནས་ལོ་གསུམ་ཕྱིན་མེད་པ།

(6)ཁྲིམས་དང་འགལ་བའི་རྐྱེན་གྱིས་ལས་གཉེར་ལག་ཁྱེར་ཕྱིར་བསྡུས་པའི་ཁེ་ལས་ཀྱི་ཁྲིམས་མིའི་འཐུས་ཚབ་པའི་འགན་འཁུར་མཁན་ཡིན་པ་མ་ཟད། ཁེ་ལས་དེའི་ཁྲིམས་འགལ་བྱ་སྤྱོད་ལ་མི་སྒེར་གྱི་ཁག་འགན་འཁུར་མཁན་ཡིན་པ་དང་། ཁེ་ལས་དེའི་ལས་གཉེར་ལག་ཁྱེར་ཕྱིར་བསྡུས་པའི་ཉིན་ནས་ལོ་གསུམ་ཕྱིན་མེད་པ།

(7)མི་སྒེར་གྱིས་འཁུར་བའི་བུ་ལོན་གྱི་གྲངས་ཚད་ཅུང་ཆེ་ཙམ་ཡོད་པ་དང་འཇལ་ཡུན་ལོངས་ཀྱང་གཙང་འཇལ་བྱེད་མ་ཐུབ་པ།

(8)བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་ཁེ་ལས་ཀྱི་ཁྲིམས་མིའི་འཐུས་ཚབ་པའི་འགན་འཁུར་མི་ཆོག་པའི་གནད་དོན་གཞན་དག

46 ཁྲིམས་མིའི་གཞིས་གནས་དང་ས་གནས་བར་ཁྱད་པར་ཅི་ཞིག་ལྡན་ཡོད།

ཁྲིམས་མིས་རང་ཉིད་ཀྱི་དོན་གཅོད་སྒྲིག་གཞི་གཙོ་བོ་ཡོད་ས་དེ་གཞིས་གནས་སུ་བྱེད་དགོས། ཁྲིམས་མིའི་གཞིས་གནས་ལ་བཅའ་ཁྲིམས་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ་དཔེར་ན་བུ་ལོན་ལག་བསྟར་བྱེད་ས་ཐག་གཅོད་དང་། ཐོ་འགོད་ཁོངས་གཏོགས་ཐག་གཅོད། གཏུག་བཤེར་ཁོངས་གཏོགས་ཐག་གཅོད། ཁྲིམས་དོན་ཡིག་རིགས་འབྱོར་ས་ཐག་གཅོད། ཕྱི་འབྲེལ་དམངས་དོན་འབྲེལ་བ་ཐག་གཅོད་བཅས་བྱེད་པའི་གཞི་འཛིན་ས་སོགས་ཡིན་པ་ལྟ་བུ། ཁྲིམས་མིའི་གཞིས་གནས་དང་ས་གནས་ནི་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད་པའི་ཐ་སྙད་གཉིས་ཡིན། ཁྲིམས་མི་གཅིག་ལ་ས་གནས་ཉག་གཅིག་ལས་མེད་པ་ཡིན་སྲིད་ལ། ས་གནས་མང་པོ་ཡོད་ཀྱང་སྲིད་མོད། འོན་ཀྱང་ཁྲིམས་མི་གཅིག་ལ་གཞིས་གནས་གཅིག་ལས་ཡོད་མི་རུང་། ཁྲིམས་མིས་རང་ཉིད་ཀྱི་དོན་གཅོད་སྒྲིག་གཞི་གཙོ་བོ་དེ་གཞིས་གནས་སུ་བྱེད་དགོས། ཁྲིམས་མི་གཅིག་ལ་དོན་གཅོད་སྒྲིག་གཞི་ཁ་ཤས་ཡོད་པ་མ་ཟད། ད་དུང་དོན་གཅོད་སྒྲིག་གཞི་དག་ས་ཆ་ཁག་ཏུ་གནས་ཡོད་དེ་དཔེར་ན་ལས་གཉེར་སྒྲིག་གཞི་དང་དོ་དམ་སྒྲིག་གཞི། ཡན་ལག་སྒྲིག་གཞི་བཅས་ཡོད་ཚེ། ཁྲིམས་མིའི་དོ་དམ་སྒྲིག་གཞི་ལྟེ་གནས་ཡོད་ས་དེ་གཞིས་གནས་སུ་བྱེད་དགོས། ལག་ལེན་ཁྲོད་དུ། ཁེ་ལས་ཀྱི་ཁྲིམས་མིས་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་སུ་ཞིབ་མཆན་ཐོ་འགོད་བྱས་པའི་ཁྲིམས་བཀོད་གཞིས་གནས་དེ་གཞིས་གནས་སུ་བྱེད་དགོས། ལས་ཁུངས་ཀྱི་ཁྲིམས་མི་དང་བྱ་ལས་ཚན་པའི་ཁྲིམས་མི། སྤྱི་ཚོགས་ཚོགས་པའི་ཁྲིམས་མི་བཅས་ཡིན་ན། ཆོག་མཆན་ཐོབ་ནས་འཛུགས་པའི་སྐབས་ཀྱི་རྒྱུན་འཛུགས་གྱི་གཞུང་ལས་སྒྲིག་གཞི་ལྟེ་གནས་ཡོད་ས་དེ་གཞིས་གནས་སུ་བྱེད་དགོས།

47 ཁྲིམས་མིའི་ཐོ་འགོད་ས་དང་གཞུང་དོན་སྒྲུབ་ས་གཉིས་གཅིག་པ་མིན་ཚེ། གཞིས་གནས་དེ་གང་འདྲ་གཏན་འཁེལ་བྱེད་དགོས།

《དམངས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པའི་ནང་ཚན་གཉིས་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་ཞུས་པའི་དམངས་དོན་གཏུག་བཤེར་ཡིན་ན། གཏུག་བཤེར་བྱ་ཡུལ་མིའི་གཞིས་གནས་མི་དམངས་ཁྲིམས་ཁང་གིས་དོ་དམ་བྱེད་དགོས། 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས>》སྤྱད་འཐུས་སྐོར་གྱི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད》ཀྱི་དོན་ཚན་གསུམ་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། སྤྱི་དམངས་ཀྱི་གཞིས་གནས་ཞེས་པ་ནི་སྤྱི་དམངས་ཀྱི་ཐེམ་ཐོ་ཡོད་སར་ཟེར་ཞིང་། ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་གཞིས་གནས་ཞེས་པ་ནི་ཁྲིམས་མིའི་རྩ་འཛུགས་གཞན་དག་གི་དོན་གཅོད་སྒྲིག་གཞི་གཙོ་བོ་ཡོད་སར་ཟེར། ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་དོན་གཅོད་སྒྲིག་གཞི་གཙོ་བོ་ཡོད་ས་དེ་གཏན་འཁེལ་བྱེད་མི་ཐུབ་པ་ཡིན་ན། ཐོ་འགོད་བྱེད་ས་དེ་གཞིས་གནས་སུ་བྱེད་དགོས།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་རེ་གསུམ་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། ཁྲིམས་མིས་རང་ཉིད་ཀྱི་དོན་གཅོད་སྒྲིག་གཞི་གཙོ་བོ་ཡོད་ས་དེ་གཞིས་གནས་སུ་བྱེད་དགོས། བཟོ་ཚོང་ཐོ་འགོད་ཀྱི་བླང་བྱ་ལྟར་ན། ཁྲིམས་མི་འཛུགས་སྐབས་ཀྱི་གཞིས་གནས་ནི་དེའི་གཉེར་སྐྱོང་བྱེད་ས་གཙོ་བོ་ཡིན་དགོས་པ་དང་། སྤྱིར་བཏང་གི་གནས་ཚུལ་འོག ལས་གཉེར་ལག་ཁྱེར་ཐོ་འགོད་བྱས་པའི་ས་གནས་ནི་ཁྲིམས་མིའི་གཞིས་གནས་ཡིན། ཡིན་ན་ཡང་། ཁྲིམས་མིའི་ཐོ་འགོད་བྱེད་ས་དང་གཞུང་ལས་སྒྲུབ་ས་གཅིག་པ་མིན་ན། གཞུང་ལས་སྒྲུབ་ས་གཙོ་བོ་དེ་གཞིས་གནས་སུ་བྱེད་དགོས།

48ཅི་ཞིག་ལ་ཁྲིམས་མིའི་གཙང་རྩིས་ཟེར། ཁྲིམས་མིའི་གཙང་རྩིས་རྒྱག་པ་དེ་དོན་ཚན་གང་དག་དང་འབྲེལ་བ་ཡོད།

ཁྲིམས་མིའི་གཙང་རྩིས་ཞེས་པ་ནི་ཁ་ཐོར་གཏོང་བའམ་ཕྱིར་འཐེན་པའི་ཁྲིམས་མིའི་རྒྱུ་ནོར་ལ་གཙང་བཤེར་བྱས་ནས་དེ་ཉིད་དམངས་དོན་བྱེད་པོའི་བཅའ་ཁྲིམས་འབྲེལ་བ་མཇུག་བསྡུས་ཏེ་ཁྲིམས་མི་འོས་འཚམ་ངང་རྩ་མེད་དུ་གཏོང་བར་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཞིག་ཡིན། རྩ་མེད་དུ་གཏོང་བའི་གནས་ཚུལ་ཐོན་པའི་རྗེས། ཁྲིམས་མིས་ཁྲིམས་མི་གཙང་རྩིས་རྒྱག་པ་དང་རྩ་མེད་གཏོང་བའི་ལས་རིམ་སྒྲུབ་པ་ལས་དམངས་དོན་བྱ་སྤྱོད་གསར་པ་དང་བྱ་སྤྱོད་གཞན་དག་སྤེལ་མི་ཆོག

ཁྲིམས་མི་གཙང་རྩིས་རྒྱག་པར་གཤམ་གྱི་དོན་ཚན་དང་འབྲེལ་བ་ཡོད་དེ།

(1)ཁྲིམས་མི་རྩ་མེད་དུ་གཏོང་བའི་གནས་ཚུལ་མ་ཐོན་གོང་ནས་འགོ་བརྩམས་ཀྱང་ལེགས་འགྲུབ་བྱུང་མེད་པའི་ལས་དོན་རྣམས་མཇུག་བསྒྲིལ་དགོས།

(2)དུས་ཡུན་ཐིམ་པའི་བུན་དབང་བསྡུ་ལེན་བྱེད་པ་དང་། དུས་ཡུན་ཐིམ་རྒྱུ་ཡིན་པའི་བུན་དབང་རྣམས་ནང་བཤུག་གཏོང་བའམ་རིན་གོང་བརྗེ་བའི་རྣམ་པའི་ཐོག་ནས་བསྡུ་ལེན་བྱེད་དགོས།

(3)ཁྲིམས་མིས་འཇལ་དགོས་པའི་འཇལ་ཡུན་ཐིམ་པའི་བུ་ལོན་རྣམས་གཙང་འཇལ་བྱེད་དགོས་པ་དང། འཇལ་ཡུན་ཐིམ་རྒྱུ་ཡིན་པའི་བུ་ལོན་རྣམས་ཡུན་ཚད་ཀྱི་ཁེ་ཕན་དོར་ནས་སྔོན་དུ་གཙང་འཇལ་བྱེད་དགོས།

(4)བུ་ལོན་གཙང་འཇལ་བྱས་པའི་རྗེས། རྒྱུ་ནོར་ད་དུང་ལྷག་ལུས་ཡོད་ན། རྒྱུ་ནོར་དེ་ཁེ་དབང་སྤྱོད་ནུས་ཡོད་མཁན་ལ་རྩིས་སྤྲོད་བྱེད་དགོས།

49ཁྲིམས་མི་ཁ་ཐོར་གཏོང་བར་གོ་བ་ཇི་ལྟར་ལེན་དགོས།

ཁྲིམས་མི་ཁ་ཐོར་གཏོང་བ་ཞེས་པ་ནི་བཙུགས་ཟིན་པའི་ཁྲིམས་མི་དེ་ཁྲིམས་མིའི་སྒྲིག་ཡིག་གམ་ཁྲིམས་བཀོད་གནས་ཚུལ་ཐོན་པའི་དབང་གིས་ཁྲིམས་མིའི་གཉེར་སྐྱོང་ལས་མཚམས་བཞག་པ་དང་། ཁྲིམས་མིའི་གཙང་རྩིས་རྒྱག་འགོ་བཙུགས་ནས་ཁྲིམས་མིའི་ཐོབ་ཐང་རྩ་མེད་གཏོང་བའི་བཅའ་ཁྲིམས་བྱ་སྤྱོད་ལ་ཟེར།

ཁྲིམས་མི་ཁ་ཐོར་གཏོང་བ་ནི་དུས་ཚོད་ཀྱི་བརྒྱུད་རིམ་ཞིག་ཡིན། ཁྲིམས་མི་ཁ་ཐོར་གཏོང་བ་ཡིས་ཁྲིམས་མི་རྩ་མེད་དུ་འགྱུར་བའི་མཇུག་འབྲས་ཐོན་སྲིད་མོད། འོན་ཀྱང་ཁྲིམས་མི་རྦད་དེ་རྩ་མེད་གྱུར་བར་བཅའ་ཁྲིམས་ཀྱི་དུས་ཡུན་ངེས་ཅན་ཞིག་བརྒྱུད་དགོས། དུས་ཡུན་འདིའི་ནང་གཙོ་བོ་འབྲེལ་ཡོད་ལས་དོན་རྣམས་གཙང་རྩིས་རྒྱག་དགོས། གཙང་རྩིས་རྒྱག་རིང་ཁྲིམས་མི་སོར་གནས་ཡིན་རུང་། གཙང་རྩིས་དང་འབྲེལ་བ་མེད་པའི་བྱེད་སྒོ་སྤེལ་མི་ཆོག གཙང་རྩིས་བརྒྱབ་རྗེས་ཀྱི་ཁྲིམས་མིའི་རྒྱུ་ནོར་ལྷག་མ་དག་ནི། ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་སམ་ཁྲིམས་མིའི་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་ཐག་གཅོད་བྱེད་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། གཙང་རྩིས་བརྒྱབ་ཟིན་ལ་ཁྲིམས་མི་ཐོ་བསུབ་ཀྱི་ཐོ་འགོད་བྱས་ཚར་དུས། ཁྲིམས་མིའི་དབང་ནུས་མཇུག་སྒྲིལ་བ་ཡིན། ཁྲིམས་ལྟར་ཁྲིམས་མིའི་ཐོ་འགོད་བྱེད་མི་དགོས་པ་ཡིན་ན། གཙང་རྩིས་མཇུག་རྫོགས་དུས་ཁྲིམས་མིའི་དབང་ནུས་མཇུག་སྒྲིལ་བ་ཡིན།