འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཁྲིམས་བཞིན་བོད་སྐྱོང་གཞུང་དོན་ཁང་གིས་2023ལོའི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་གི་དཔྱད་ཞིབ་དང་ཁྲིམས་སྐྱོང་ལྟ་བཤེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་2023ལོའི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་གི་དཔྱད་ཞིབ་དང་ཁྲིམས་སྐྱོང་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་དང་འབྲེལ་དཔྱད་ཞིབ་ནང་ཞུགས་མཁན་ལ་ཆེད་དོན་ཟུར་ཁྲིད་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། དཔྱད་ཞིབ་ལས་དོན་སྤེལ་བ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་གང་ལེགས་ཐུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་དང་ལྷག་པར་དུ་དཔྱད་ཞིབ་ལས་དོན་དེ་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་ལག་ལེན་བསྟར་ཏེ། དཔྱད་ཞིབ་ལས་དོན་གཏིང་ཟབ་སྤེལ་བ་དང་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་ལས་དོན་སྤེལ་བ་ནི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་གི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་འཛིན་གང་ལེགས་ཐུབ་པར་བྱེད་དགོས། དཔྱད་ཞིབ་ལས་དོན་སྤེལ་བ་ནི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པའི་ངོས་འཛིན་གང་ལེགས་ཐུབ་པར་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཁྲིམས་བཞིན་བོད་སྐྱོང་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འགག་རྩའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དཔྱད་ཞིབ་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ལས་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་གོ་རིམ་ལྡན་ལ་ཕན་འབྲས་ཆེ་བའི་སྒོ་ནས་དཔྱད་ཞིབ་ཞིབ་བཤེར་ལས་དོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་ཀྱི་ལས་འགན་དོན་འཁྱོལ་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་ཚན་རིག་དང་མཐུན་པའི་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པར་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་རྨང་གཞི་བརྟན་པོ་འདིང་དགོས། འབྲས་བུའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་ཀྱི་བླང་བྱ་ནན་དུ་བཏང་སྟེ། གཞི་རིམ་དང་། འཐབ་ས་དང་པོ། མང་ཚོགས་བཅས་ཀྱི་ཁྲོད་གཏིང་ཟབ་བསྐྱོད་ནས་སྔོན་ཐོན་གྱི་ཉམས་མྱོང་སྔོག་འདོན་དང་། གནས་པའི་གནད་དོན་ཕྱོགས་སྡོམ། ལེགས་སུ་གཏོང་བའི་བྱེད་ཐབས་གསེད་བཀྲོལ་བཅས་བྱེད་དགོས།
(ལྷག་པ་ཚེ་རིང་གིས་བསྒྱུར། བསོད་ནམས་དཔའ་མོས་ཞུས)