《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》





2024年01月02日

༄༅ དམངས་རྩོམ་ཁག་གཉིས་།

རྫི་གླུ།

སྔ་དྲོ་ལུག་ཁྱུ་རི་ལ་འགྲོ །

རི་ལ་ཁ་བ་གཡོགས་པ་འདྲ། །

ང་རྫི་བོ་རི་མགོའི་དར་ལྕོག་འདྲ། །

ཉིན་དགུང་ལུག་ཁྱུ་སྤང་ལ་སྡོད། །

སྤང་ལ་སེར་བ་བབས་པ་འདྲ། །

ང་རྫི་བོ་སྤང་རྒྱན་མེ་ཏོག་འདྲ། །

དེ་ནས་ལུག་ཁྱུ་ཆུ་ལ་བབས། །

ཆུ་ལ་ངང་པ་རོལ་བ་འདྲ། །

ང་རྫི་བོ་ཉ་ཆུང་གསེར་མིག་འདྲ། །

དེ་ནས་ལུག་ཁྱུ་ཐང་ལ་འགྲོ །

ཐང་ལ་རྩིས་རྡེའུ་བཀྲམ་པ་འདྲ། །

ང་རྫི་བོ་རྩིས་པ་མཁས་པ་འདྲ། །

དགོང་དྲོ་ལུག་ཁྱུ་ལྷས་ལ་འཇུག །

ཁྱི་དོམ་ཆུང་ལྷས་ཀྱི་སྒོ་ལྕགས་རེད། །

སྒོ་རྡོ་ལྷས་ཀྱི་ལྡེ་མིག་འདྲ། །

ང་རྫི་བོ་ནང་གི་ནོར་བུ་རེད། །

འཛུགས་ཤའི་བཤད་པ།

འཛུགས་པ་མི་ཟེར་ཚུགས་པ་ཟེར། །

མི་རྒྱུད་རྩ་བ་ཚུགས་པ་ཟེར། །

རྐང་པ་མི་ཟེར་ཁེངས་པ་ཟེར། །

བང་མཛོད་ནོར་གྱིས་ཁེངས་པ་ཟེར། །

གཞུ་གུ་མི་ཟེར་བཞུགས་པ་ཟེར། །

བཞུགས་གྲལ་དཀྱིལ་དུ་བཞུགས་པ་ཟེར། །

མཚང་ར་མི་ཟེར་ཚང་བ་ཟེར། །

རྒྱུ་ནོར་ཚང་བའི་ཚང་བ་ཟེར། །

སྐེད་པ་མི་ཟེར་སྐྱེས་པ་ཟེར། །

བུ་སྐྱེས་སྐྱེས་པའི་སྐྱེས་པ་ཟེར། །

ལོང་མི་ཟེར་ལྷོངས་ཟེར། །

ལོངས་སྤྱོད་ཆང་ལ་བརྟེན་པའི་ལྷོངས་ཟེར། །

རྩིབ་མ་མི་ཟེར་རྩིག་པ་ཟེར། །

ཇ་སྒམ་བརྩིགས་པའི་རྩིག་པ་ཟེར། །

སོག་མ་མི་ཟེར་གསོག་པ་ཟེར། །

རྒྱུ་ནོར་བསགས་པའི་གསོག་པ་ཟེར། །

མཇིང་པ་མི་ཟེར་འགྱིངས་པ་ཟེར། །

སྡང་དགྲ་བོའི་སྟེང་དུ་འགྱིངས་པ་ཟེར། །