《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》





2024年01月02日

༄༅། །ཨ་ཕ་དྲན་གླུ།

སྤྲིན་པ་མག་མོག་གསེབ་ནས། །

རབ་རིབ་ཟླ་བ་ཚེས་བྱུང་། །

ཡིད་སེམས་མཁའ་ཡི་ཀློང་དུ། །

དྲིན་ཆེན་ཨ་ཕ་འཆར་བྱུང་། །

ལྷོ་ཕྱོགས་ཡུལ་དུ་བཞུད་པའི། །

ཁྲུང་ཁྲུང་དཀར་མོ་ཕེབས་བྱུང་། །

ཕྱི་མའི་འཕྲང་ལ་བཞུད་པའི། །

ཨ་ཕར་ལོག་རྒྱུ་མི་འདུག །

དགུང་སྔོན་མཐོངས་ཀྱི་ཉི་མ། །

འཆར་ནུབ་རེས་མོས་ཡིན་ཡང་། །

རྣམ་ཤེས་བྱ་སྤུ་རླུང་འཁྱེར། །

གར་སོང་མི་ཤེས་སྐྱོ་བ། །

དགུན་གྱི་གྲང་རླུང་རྒོད་པོས། །

སྔོ་ལྗང་ལོ་འདབ་བཅོམ་སོང་། །

ཨ་ཕ་དྲན་པའི་གདུང་བས། །

ལུས་སེམས་གཉིས་ཀ་མནར་བྱུང་། །

གྲང་རླུང་འུར་འུར་ལྡང་བའི། །

དགུན་གྱི་མཚན་མོ་འདི་ལ། །

ཨ་ཕ་དྲན་པའི་སེམས་གསོར། །

རླུང་བུས་སྐྱོ་གླུ་བླངས་བྱུང་། །

དགུན་གྱི་བ་མོ་མཐུག་པོས། །

མེ་ཏོག་ལང་ཚོ་ཕྲོགས་སོང་། །

དྲིན་ཆེན་ཨ་ཕའི་རྒྱབ་གཟུགས། །

སེམས་ནས་ཡལ་རྒྱུ་མི་འདུག །

རབ་རིབ་སྐར་མའི་ཚོགས་ནས། །

ཐོ་རེངས་སྐར་ཆེན་མཇལ་བྱུང་། །

མི་ཚོགས་མཉམ་འདུས་དབུས་སུ། །

དྲིན་ཆེན་ཨ་ཕ་དྲན་བྱུང་། །

འཆི་གསོན་འཇིག་རྟེན་ཆོས་ཉིད། །

མི་འདོད་ཐོག་ཏུ་བབས་དུས། །

ཡིད་ཀྱི་སེམས་ཆུང་དམར་པོར། །

སྐྱོ་བའི་ན་བུན་འཁྲིགས་བྱུང་། །

ཁུ་སིམ་མཚན་མོ་འདི་ལ། །

སྐྱོ་བའི་མིག་ཆུ་ཤོར་བས། །

སྙིང་ཁར་སྦས་པའི་སེམས་གཏམ། །

དབང་མེད་ངག་ནས་ཐལ་སོང་། །

ལས་དབང་རླུང་བུ་བཞིན་གྱིས། །

མི་ཚེ་དར་ལྕོག་གཡོ་གཡོ། །

སྐྱིད་སྡུག་ལ་ཁའི་དར་ལྕོག །

ཏོག་ཙམ་དབྱུགས་དབྱུང་མཛོད་ཅིག །