ང་རང་ལྟེ་ཁྲག་འཕོ་སའི་འབྲོག་ཁུལ་ན། །
མགོ་སྐྱེས་སྐྲ་ལོ་སྣུམ་པའི་འབྲོག་མོ་ཡོད། །
སྨིན་མ་ནག་ལ་གཞུ་རིས་ལྟ་བུ་ལྡན། །
ངོ་ལ་མཛེས་ཀོང་ལྡན་པའི་འབྲོག་མོ་ཡོད། །
མཆུ་སྒྲོས་སྲབ་མོ་འདབ་མའི་རང་བཞིན་ལྡན། །
ང་རང་འཚར་ལོངས་ཡོང་སའི་འབྲོག་ཁུལ་ན། །
ཕ་མར་བྱམས་བརྩེ་ཆེ་བའི་འབྲོག་མོ་ཡོད། །
བཟའ་ཟླར་བརྩེ་བ་ཟབ་ལ་རྒྱུ་དག་ལྡན། །
ཟས་ལ་གཡོ་སྦྱོར་མཁས་པའི་འབྲོག་མོ་ཡོད། །
ཉིན་མཚན་ལས་ལ་བརྩོན་པའི་རང་གཤིས་ལྡན། །
ང་རང་སློབ་གཉེར་བྱེད་སའི་ར་བ་ན། །
སྐག་ཚོས་གཡའ་དང་བྲལ་བའི་འབྲོག་མོ་ཡོད། །
མཁུར་ཚོས་དཀར་དམར་མདངས་ཀྱི་བཞིན་རས་ལྡན། །
ཡ་རབས་དྲང་བདེན་ཅན་གྱི་འབྲོག་མོ་ཡོད། །
རིག་པའི་གནས་ལ་བརྩོན་པའི་ལྷག་བསམ་ལྡན། །
ང་རང་རྒྱལ་ཁམས་འགྲིམས་སའི་མཐོ་སྒང་ན། །
མཛེས་མཛེས་ཚོན་གྱིས་གཏམས་པའི་བུ་མོའི་ཁྲོད། །
མཚར་མཚར་འབྲོག་མོའི་དོ་ཟླ་སུ་ཡང་མེད། །
འཚེར་འཚེར་འཛུམ་ཆུང་ལྡན་པ་མང་ན་ཡང་། །
བཟང་བཟང་འབྲོག་མོའི་སེམས་དཀར་ཉུང་ཉུང་རེད། །